འདི་ནི་ཟླ་9ཚེས་15ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དུ་ཕེབས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་T3གནམ་ཐང་འབབ་ཚུགས་སུ་དུས་གཏན་གནམ་གྲུའི་འགྲོ་སྐྱོད་བྱེད་ཚད་འདྲི་རྩད་གནང་བ་དང་རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཐེབས་པའི་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་གསན་བཞིན་པ།
◆ སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་རིམས་ནད་བསྐྱར་དུ་ཐོན་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་འབྲས་ཆེ་བའི་ངང་སྤྱི་འདོམས་བྱེད་དགོས།
ཚེས་15ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དུ་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཐེབས་པའི”སྤྱིའི་ཐབས་ཇུས་དང“སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་མཐའ་འཁྱོངས་དང་། སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རིམས་ནད་བསྐྱར་དུ་ཐོན་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ། རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་ཚུགས་དང་། ཐོན་སྐྱེད་སླར་གསོ། ཚོང་ལས་དང་ཁྲོམ་ར་སླར་གསོ་བཅས་ལ་སྐུལ་འདེད་གཏོང་བ། རིམས་ནད་སྔོན་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡོང་བ་བཅས་མཐའ་གཅིག་ཏུ་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
རིམས་ནད་ཐོན་རྗེས། གོང་དཀར་རྒྱལ་སྤྱིའི་གནམ་ཐང་གིས་དེ་གར་ལུས་པའི་འགྲུལ་པ་བདེ་འཇགས་དང་བདེ་བླག་ངང་བོད་ནས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་དང་སྨན་བཅོས་དངོས་ཟོག་སྐྱེལ་འདྲེན་འགན་ལེན་ལ་ཤུགས་སྣོན་བརྒྱབ་པ་རེད། ཝང་ཅུན་ཀྲེང་གིས་T3གནམ་ཐང་འབབ་ཚུགས་སུ་ཕེབས་ཏེ། དུས་གཏན་གནམ་གྲུའི་འགྲོ་སྐྱོད་བྱེད་ཚད་འདྲི་རྩད་གནང་བ་དང་རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཐེབས་པའི་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་གསན་པ་རེད། ཁོང་གིས་ནན་བཤད་གནང་དོན། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒོ་གལ་ཆེན་དང་། གཡུལ་ས་མདུན་མ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན། གཟུགས་བརྙན་གྱི་སྐར་ཁུང་བཅས་ཡིན་པའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གིས་སྤྱི་ཡོངས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་པ། ཞན་ཆ་འཚོལ་ཞིབ་དང་སྔོན་འགོག་དང་ཚོད་འཛིན་གྱི་ཉེན་ཁའི་གནད་འཚོལ་ཞིབ་གཏིང་ཟབ་བྱེད་པ། འགག་སྒོ་མདུན་དུ་སྤོ་བ་དང་མི་དངོས་མཉམ་འགོག་བཅས་བྱས་ཏེ། ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི་འགོག་སྲུང་འཛིང་རགས་ཕྱོགས་ཡོངས་ནས་བརྟན་དུ་གཏོང་དགོས། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་བྱེད་པ་དང་ཕྱོགས་གཞན་ཞིག་ནས་འཁོར་སྐྱོད་འགན་ལེན་ལ་དམ་འཛིན་བྱས་ནས། ལས་ཀའི་ཇུས་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཀའི་མྱུར་ཚད་མགྱོགས་སུ་གཏོང་བ། དུས་བཀག་གནམ་གྲུའི་ལན་གྲངས་དང་གཙང་གླས་གནམ་གྲུ་ཟུང་དུ་འབྲེལ་བ། བརྟན་ལ་གོ་རིམ་ལྡན་པའི་སྒོ་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་གཏོང་བ། འཁོར་སྐྱོད་འགན་ལེན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འདེགས་སྐྱོར་གལ་ཆེན་བྱེད་དགོས།
དགོན་སྟོད་གྲོང་རྡལ་ཞོལ་གྲོང་ཚོར། ཝང་ཅུན་ཀྲེང་གིས་གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པར་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། ཞིང་པའི་འབབ་འཕར། “སྟོན་གསུམ”ལས་དོན་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། གྲོང་ཁྱེར་དང་རྫོང་གི་འགོ་ཁྲིད་ལས་བྱེད་པ་དང་མཉམ་དུ་ས་གནས་ས་ཐོག་ཏུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཞིབ་ཕྲའི་ལས་དོན་ལ་ཞིབ་འཇུག་དང་སྤྱི་འདོམས་གནང་བ་རེད། གྲོང་ཚོ་དེས་དམངས་འགོག་དམངས་བཅོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་ཐུབ་ནས་ནད་དཔེ་གཅིག་ཀྱང་ཐོན་མེད་པ་དང་། སྟོན་བསྡུ་སྟོན་འདེབས་བདེ་བླག་བྱུང་བ། ཞིང་པའི་ཡོང་འབབ་བརྟན་པོའི་ངང་འཕར་བ་བཅས་མཁྱེན་སྐབས་ཝང་ཅུན་ཀྲེང་གིས་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལས་ཀའི་ཞན་ཆ་སེལ་བ་དང་། རིམས་འགོག་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལ་ཕྱོགས་བསྡུས་ཞིབ་འཇུག་དང་བརྡར་ཤ་གཅོད་པ། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པ། ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་རིགས་དབྱེ་ནས་སྲིད་ཇུས་ལག་ལེན་བསྟར་བ། གཅིག་དཔེ་བརྒྱ་འགེབས་དང་གཅིག་ཐོག་གཉིས་སྤོར་གྱི་སྣང་ཚུལ་མཐའ་གཅིག་ཏུ་འགོག་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་མེད་པར་བཟོ་བ་བཅས་བྱེད་དགོས། ཁྱད་པར་ལྡན་པའི་རྫོང་ཁོངས་ཀྱི་སྔོན་འགོག་དང་ཚོད་འཛིན་དང་དམིགས་སའི་རང་བཞིན་ལྡན་པའི་ངང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོ་བྱེད་ཐབས་བཟོས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཕྱོགས་གཉིས་ཀར་དམ་འཛིན་ནན་པོ་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱས་ཏེ་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། དམངས་འཚོའི་ལས་དོན་གྱི་ཞན་ཆ་ཕྱོགས་ཡོངས་ནས་གྲལ་བཤེར་དང་ཐག་གཅོད་བྱེད་པ་དང་། དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་བྱེད་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ། རིམས་ནད་ཀྱིས་རྐྱེན་པས་དབུལ་ལོག་དང་དབུལ་པོར་འགྱུར་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་ཞུགས་པ། སྔ་ཙམ་རོགས་སྐྱོབ་བཅས་མཐའ་འཁྱོངས་བྱས་ནས་ལས་ཀའི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་དང་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣ་སོགས་ཚོགས་སྤྱིའི་ལས་ཞུགས་ལ་རོགས་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། དཀའ་ངལ་ཡོད་པའི་ཚོགས་སྤྱིར་དོ་ཁུར་གཅེས་སྐྱོང་དང་རོགས་སྐྱོར་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་དམངས་འཚོ་སྲ་བརྟན་དང་། མི་སེམས་བརྟན་པོ། སྤྱི་ཚོགས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་སྤྱོད་ཚུལ་མུ་མཐུད་ལེགས་སུ་བཏང་ནས་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་དེ་ངོ་ཐུག་གདོང་འཕྲད་ཀྱིས་དམངས་ཀྱི་སྐད་ཆ་ཉན་པ་དང་། བློ་གཅིག་སེམས་གཅིག་གིས་མང་ཚོགས་ཀྱི་དཀའ་གནད་སེལ་བ། མང་ཚོགས་དང་འབྲེལ་བ་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཐད་སེམས་ཁུར་མང་ཙམ་བྱེད་པ། མང་ཚོགས་ལ་དྲིལ་བསྒྲགས་སློབ་གསོ་རྒྱག་པའི་ཐད་སེམས་ནུས་མང་ཙམ་འདོན་པ། མང་ཚོགས་སྒྲིག་འཛུགས་དང་གོང་བུ་གཅིག་ཏུ་སྒྲིལ་བའི་ཐད་ཤུགས་མང་ཙམ་རྒྱག་པ་བཅས་བྱས་ཏེ། ཏང་དང་སྲིད་གཞུང་གི་དྲོ་སྐྱིད་མང་ཚོགས་ཚོས་ཚོར་ཐུབ་པ་བྱེད་དགོས།