དབུ་ཤོག>ཆེད་སྒྲིག
  • ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་བཀོད་གཏོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-16

    ◆ ཆོད་སེམས་བརྟན་གཏོང་དང་། འགན་འཁྲི་ནན་གཏོང་། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་འགན་འཁྲི་ཁུར་སེམས་ཆེན་པོ་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་བློའི་ཐོག་ནས་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

    ཚེས་13ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཅུས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བོད་ལྗོངས་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡུས་ཞུའེ་ཅུན་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་བཟང་རྒྱལ་མཚན་དང་། ཀྲོང་ཡན། ཁྲེན་ཡུང་ཆི། ལིའུ་ཅང་། དབང་ཧའེ་ཀྲོའུ། ཕུར་བུ་དོན་གྲུབ། ཟླ་བ་ཚེ་རིང་། ཏིང་ཡེ་ཤན། ནོར་བུ་དོན་གྲུབ། བསྟན་ཁོ། འཇམ་དཔལ། ཝང་ཡུང་། རྡོ་རྗེ་ཚེ་སྒྲུབ། ཝང་ཡཱ་ལིན། སྒྲོལ་དཀར་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ངོས་འཛིན་གང་ལེགས་གནང་སྟེ། ཕྱོགས་ཡོངས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་ཆེ་རུ་གཏོང་དགོས། ཏོག་གསར་གློ་ཚད་ནི་སྔོན་འགོག་དང་། ཚོད་འཛིན། སྨན་བཅོས་བཅས་ཐུབ་པ་ཞིག་དང་། སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ནི་དངོས་སྒྲུབ་གོ་ཆོད་པ་ཞིག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ནི་སྤྱི་ཡོངས་ལ་ལྟ་རྟོག་ཐུབ་པ་ཞིག་བཅས་ཡིན་པས། ང་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མུ་མཐུད་ལག་ལེན་གཏིང་ཟབ་བསྟར་བ་དང་པར་གཞི་དགུ་པའི་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི་ལག་ལེན་ནན་པོ་བསྟར་ཚེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་སྔ་ཙམ་རྒྱལ་ཁ་འཐོབ་ངེས་ཡིན་པ་ལག་ལེན་ལས་ར་འཕྲོད་བྱུང་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་ངོས་འཛིན་གསལ་པོ་བྱས་ནས་འགན་འཁྲི་ཁུར་སེམས་དང་དགོས་གཏུགས་ཀྱི་སེམས་པ་སྔར་བས་ཆེ་རུ་གཏོང་དགོས། ལེ་དབར་བརྒྱ་བསྐྱོད་ན་དགུ་བཅུ་ལམ་ཕྱེད་ཡིན། མིག་སྔར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་དེ་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་པས་ཀོ་གྲུ་གྱེན་དུ་བཏང་ན་ཡང་། ཆུ་མོས་ཐུར་དུ་འཁྱེར་ནས་འགྲོ་ཞེས་པ་ལྟར་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པར་དཀའ་ཚེགས་དེ་བས་ཆེ་བའི་འབད་བརྩོན་བྱེད་དགོས།

    རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་སྔར་བས་བརྟན་དུ་བཏང་ནས་སྙིང་སྟོབས་ཆེར་སྐྱེད་དང་དཔའ་ངར་ཞུམ་མེད་ཀྱི་སྙིང་རུས་ཐོག་ནས་བག་མེད་ཀྱི་བསམ་བློ་དང་། དམག་འཐབ་ལ་སུན་སྣང་སྐྱེ་བའི་བསམ་བློ། སྟེས་དབང་གི་བསམ་བློ། ལྷོད་གཡེང་གི་བསམ་བློ་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས། ལས་དོན་ཁག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་དང་ཏན་ཏིག་བྱས་ཏེ་བློ་ཁ་གཅིག་མཐུན་དང་སེམས་ནུས་གཅིག་སྒྲིལ་གྱིས་འགག་རྩའི་དམག་འཐབ་ཡག་པོ་རྒྱག་པ་དང་རིམས་ནད་ལས་རྣམ་པར་རྒྱལ་བའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འགན་འཁྲི་ཏན་ཏིག་ཁུར་བ་དང་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་ཏེ། སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས། ཞིང་ཆེན་རིམ་པའི་འགོ་ཁྲིད་ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་དུ་བསྐྱོད་དེ། ཐོན་ཁུངས་ལ་སྤྱི་འདོམས་དང་སྟོབས་ཤུགས་ཆེན་པོ་མཉམ་སྒྲིལ། ནུས་ཤུགས་ཡོད་རྒུས་གཞི་རིམ་གྱི་འཐབ་ས་དང་པོས་རིམས་ནད་ལ་ཕྱོགས་ཡོངས་ནས་འགོག་རྒོལ་བྱེད་པར་མཛུབ་ཁྲིད། མི་དམངས་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། གཞི་རིམ་གྱི་མི་དང་མཉམ་དུ་ལས་ཀ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་འགོག་དང་ཚོད་འཛིན་གྱི་སྟོབས་ཤུགས་ལ་སྤྱི་འདོམས། དཀའ་ས་དང་། འགག་ས། གནད་ས་བཅས་སེལ་བར་ཤུགས་རྒྱག་པ། སྒྲིག་འཛུགས་བཀོད་འདོམས་དང་། ཉིང་སྐྱུར་བརྟག་དཔྱད། རིམས་དཔྱད་སྒྱུར་འདྲེན། ཉེན་ཁར་དོ་དམ་ཚོད་འཛིན། སྨན་བཅོས་འགན་ལེན། དངོས་ཟོག་མཁོ་སྤྲོད་འགན་ལེན། མང་ཚོགས་ཀྱི་འཚོ་བ་དང་སྤྱི་ཚོགས་བརྟན་ལྷིང་གི་ལས་དོན་བཅས་གོ་རིམ་ལྡན་པའི་ངང་ཡག་པོ་བསྒྲུབས་ནས། སྐབས་བསྟུན་གཙང་བཟོའི་དམིགས་ཚད་གང་མགྱོགས་མངོན་འགྱུར་ཐུབ་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཞུམ་མེད་བློས་གཏོང་གི་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་སྟེ། འགན་འཁྲི་འཁུར་སེམས་ཆེན་པོར་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་འཐོབ་པའི་འགན་ལེན་བྱེད་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། བཀོད་འདོམས་དང་བཀོད་གཏོང་ནུས་ལྡན་བྱེད་པ། ལས་ཀའི་ཕན་འབྲས་དངོས་ཐོན་པ་བཅས་བྱས་ཏེ། སྤྱོད་ཚུལ་ཡག་པོར་བརྟེན་ནས་དམག་འཐབ་དྲག་པོ་འདི་ལས་རྣམ་པར་རྒྱལ་བར་བྱེད་དགོས། མང་ཚོགས་ཀྱི་འཚོ་བར་སེམས་ཁུར་དང་། གཞི་རྩའི་འཚོ་བའི་འགན་ལེན་ལ་ཤུགས་རྒྱག་པ། མང་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་འདེབས་པ། བརྩེ་སེམས་ཟབ་མོས་མང་ཚོགས་ཀྱི་དཀའ་ངལ་གང་དྲག་ཅི་དྲག་གིས་ཐག་གཅོད་ཡག་པོ་བྱས་ནས། ཡིད་ཆེས་དང་དཔའ་སེམས་འཕེལ་བར་བྱེད་པ་དང་ཞུམ་མེད་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། གྲོང་ཁྱེར་དང་ས་ཁུལ་ཁག་གིས“རིམས་ནད་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་པ། བདེ་འཇགས་འཕེལ་རྒྱས”བཅས་ཀྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ལྡན་བྱེད་པ་དང་། འགོ་སྔ་ཙམ་འཛུགས་པ་དང་སྔོན་འགོག་ལ་གཞི་ཚུགས་ཏེ། ཤེས་རྟོགས་སྔ་ཙམ་དང་། ཐག་གཅོད་མགྱོགས་མྱུར། ཕྱི་ནས་མི་འགོ་བ་བཅས་བྱེད་པ་དང་། རིམས་ནད་ཡར་བསྐྱར་མ་ཐོན་སྔོན་འགོག གཞི་ཁྱོན་རང་བཞིན་གྱི་རིམས་ནད་མི་ཐོན་པའི་མཐའ་ཚད་བརྟན་པོར་བསྲུངས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    ཡུས་ཞུའེ་ཅུན་གྱིས་ནན་བཤད་གནང་དོན། གནད་དོན་ལ་ཐད་ཀར་ཕྱོགས་པ་དང་འགག་སྒྲོལ་དཀའ་སེལ་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་བྱས་ཏེ། འགོ་ལམ་དང་འབྲེལ་ཐག་མགྱོགས་མྱུར་བཅད་ནས་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་སྔོན་འགོག་གི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་སྐྲུན་དགོས། ཡུལ་བབ་དང་བསྟུན་ནས་དམིགས་སའི་རང་བཞིན་གྱི་བྱེད་ཐབས་ཞིབ་འཇུག་བྱས་ནས་བཟོས་ཏེ། གྲོང་ཚོ་ཨུ་ལྷན་རེར་ཁ་གཏད་གཅོག་ཐབས་རེ་དང་སྡེ་ཁུལ་རེར་ཇུས་གཞི་རེ་ཡོད་པར་བྱས་ནས། ཚན་རིག་དང་མཐུན་པ་དང་གནད་སྨིན་གྱི་སྔོན་འགོག་དང་ཚོད་འཛིན་འགན་ལེན་བྱེད་དགོས། གླེང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཤུགས་སྣོན་དང་། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་ལ་དམིགས་པ། དུས་ཐོག་ཏུ་སྤྱི་ཚོགས་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཆ་འཕྲིན་ཡང་དག་ཡོངས་བསྒྲགས་བྱེད་པ། མང་ཚོགས་ལ་རྒྱལ་ཁ་འཐོབ་ངེས་ཀྱི་དད་སེམས་བརྟན་དུ་གཏོང་བ་དང་རིམས་འགོག་གི་འདུ་ཤེས་ཟབ་ཏུ་གཏོང་བར་ཁྲིད་སྟོན། མང་ཚོགས་ལ་དམ་པོར་བརྟེན་པ་བཅས་བྱས་ནས། སེམས་ནུས་གཅིག་སྒྲིལ་གྱིས་ཐུན་མོང་ཐོག་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།