ཚེས་14ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་སོ་བདུན་པའི་ཐོག རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་དང་། འཕྲོད་བསྟེན་དང་བདེ་ཐང་ཁོངས་གཏོགས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྤེལ་ཚུལ་དང་། བོད་ལྗོངས་ཤར་བགྲོད་དེ་བཤེར་རྟགས་དམར་སེར་ལྗང་གསུམ་ལ་བསྒྱུར་རྗེས་ཀྱི་བཀོལ་སྤྱོད་སོགས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཟླ་9ཚེས་13ཉིན་གྱི་ཆུ་ཚོད་0ནས་24བར་ལྗོངས་ཡོངས་སུ་ཡུལ་དེ་རང་གི་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་ནད་དཔེ་8(ལྷ་ས་གྲོང་ཁྱེར་ལ་7དང་། ནག་ཆུ་གྲོང་ཁྱེར་ལ་1)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་129(ལྷ་ས་གྲོང་ཁྱེར་ལ་88དང་། གཞིས་རྩེ་གྲོང་ཁྱེར་ལ་28 ལྷོ་ཁ་གྲོང་ཁྱེར་ལ་1 ཉིང་ཁྲི་གྲོང་ཁྱེར་ལ་1 ནག་ཆུ་གྲོང་ཁྱེར་ལ་8 མངའ་རིས་ས་ཁུལ་ལ་3)མང་དུ་ཕྱིན་ཡོད་པ་རེད།
ཟླ་9ཚེས་14ཉིན་གྱི་ཆུ་ཚོད་0ནས་14བར། ལྗོངས་ཡོངས་སུ་ཡུལ་དེ་རང་གི་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་ནད་དཔེ་3(ལྷ་ས་གྲོང་ཁྱེར་ནས་སྙན་སེང་ཞུས་པ)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་69(ལྷ་ས་གྲོང་ཁྱེར་ལ་49དང་། གཞིས་རྩེ་གྲོང་ཁྱེར་ལ་19 ནག་ཆུ་གྲོང་ཁྱེར་ལ་1)མང་དུ་ཕྱིན་ཡོད་པ་རེད།
ཟླ་9ཚེས་13ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ཁྱོན་ཉེན་ཁ་ཆེ་བའི་ཁུལ་135དང་ཉེན་ཁ་འབྲིང་བའི་ཁུལ་104ཡོད་པ་རེད།
ཟླ་9ཚེས་13ཉིན་ཏོག་གསར་ནད་དུག་འགོས་པ་137མང་དུ་ཕྱིན་པ་དེ་དག་ཚང་མ་ལོགས་བཀར་དོ་དམ་ཚོད་འཛིན་ཁུལ་ནས་ཤེས་རྟོགས་བྱུང་བ་ཤ་སྟག་ཡིན་པ་རེད།
ཟླ་9ཚེས་13ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ནད་པ་1860དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་། ཐད་འབྲེལ་པ་48066ལ་གཅིག་སྡུད་ལོགས་བཀར་གྱི་ལྟ་ཞིབ་བྱེད་མཚམས་བཞག་པ་རེད། མིག་སྔར། མི་གྲངས་54134ལ་གཅིག་སྡུད་ལོགས་བཀར་གྱི་ལྟ་ཞིབ་བྱེད་བཞིན་ཡོད་པ་རེད།
རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་སྲིད་གཞུང་གི་དྲུང་ཆེ་གཞོན་པ་བསྟན་འཛིན་ལྷུན་གྲུབ་ཀྱིས་དང་ཐོག་རྒྱ་ཆེའི་བོད་སྐྱོར་སྨན་བཅོས་རུ་མི་དང་། ལྗོངས་ཡོངས་ཀྱི་སྨན་དོན་པ། ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་མི་སྣ། ཉིང་སྐྱུར་མ་དཔེ་བརྟག་དཔྱད་ཀྱི་མི་སྣ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་དང་འབྲེལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཡང་ཞུས་ཤིང་། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོའི་འོག མིག་སྔར་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་མངོན་ནས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ཅེས་གསུངས་པ་རེད།
རང་སྐྱོང་ལྗོངས་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་ཏང་ཙུའུ་ཡི་ཁོངས་མི་ཀྲུའུ་རེན་གཞོན་པ་ཀྲང་ཀེང་ཡུན་གྱིས་ངོ་སྤྲོད་བྱས་དོན། རིམས་ནད་ཐོན་ཚུན། ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཁོངས་གཏོགས་ཀྱིས་སྨན་བཅོས་ཐོན་ཁུངས་སྤྱི་འདོམས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ནུས་ཤུགས་ཡོད་རྒུས་ཡག་པོ་བྱས་ཏེ་རྒྱུན་གཏན་གྱི་སྨན་བཅོས་སྒྲིག་ལམ་འགན་ལེན་བྱས་པ་དང་། རྒྱ་ཆེའི་སྨན་དོན་དང་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལས་དོན་མི་སྣས་ཚན་རིག་གི་སྙིང་སྟོབས་མཐའ་འཁྱོངས་དང་ལས་རིགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཕྱིར་བཤོལ་གཏན་ནས་མི་བྱེད་པར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་བསྟུད་མར་འབད་འཐབ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་པ་རེད། ནད་པའི་ལུས་སེམས་བདེ་ཐང་འགན་ལེན་བྱ་ཆེད། “ནད་པ་གཅིག་སྡུད་དང་། རིགས་གཅིག་མཁས་ཅན་གཅིག་སྡུད། ཐོན་ཁུངས་གཅིག་སྡུད། གཅིག་སྡུད་སྐྱོབ་བཅོས”བཅས་ཀྱི་རྩ་དོན་ལག་ལེན་བསྟར་ནས་རིགས་དབྱེ་རིམ་དབྱེའི་ཐོག་ནས་ཚན་རིག་དང་མཐུན་པའི་ངང་སྐྱོབ་བཅོས་ལས་དོན་སྤེལ་བ་དང་། ནད་གཞི་ལྕི་རིགས་དང་ཉེན་ཚབས་ཆེ་བའི་ནད་པ་སྐྱོབ་བཅོས་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ནད་གཞི་ལྕི་རིགས་ཚང་མར་ཁྱད་ཆོས་ལྡན་པའི་སྨན་བཅོས་ཇུས་གཞི་བཟོས་ཏེ་ཐོན་ཁུངས་ཡག་ཤོས་གཅིག་སྡུད་ཀྱིས་སྐྱོབ་བཅོས་བྱས་ཏེ་སྨན་བཅོས་ཀྱི་ཕན་འབྲས་ཡག་ཤོས་ཐོན་པའི་འགན་ལེན་བྱས་པ། རྟགས་མེད་ནད་དུག་འགོས་པར་སྨན་བཅོས་ཀྱི་ཐེ་གཏོགས་དང་ནད་ཐོག་སྨན་བཅོས་བྱ་ཐབས་རྩོད་སྒྲུབ་ངང་སྤྱད་པ་དང་ཚན་རིག་དང་མཐུན་པའི་ངང་སྔོན་འགོག་སྨན་སྤྱད་དེ་སྲིབས་གཤིས་གང་མགྱོགས་སླར་གསོ་དང་སྔ་ཙམ་དྲག་སྐྱེད་ཡོང་བར་སྐུལ་འདེད་བཏང་བ། སྨན་བཅོས་སྐྱོབ་བཅོས་ལ་དེ་བས་བརྩེ་བ་ལྡན་པར་བྱས་ནས་སྒྲོམ་ཚང་སྨན་ཁང་དུ་བདེ་ཐང་ཤེས་བྱ་དང་། སེམས་ཁམས་ཀྱི་ཟུར་ཁྲིད། རིག་གནས་དང་ལུས་རྩལ་བྱེད་སྒོ་བཅས་སྤེལ་ནས་གནས་གཏན་འཁེལ་གྱི་སྨན་ཁང་གི་ནད་པས་འོས་འཚམ་གྱི་ས་ཁོངས་སུ་འགུལ་སྐྱོད་འོས་འཚམ་བྱེད་པར་ཁྲིད་སྟོན་བྱས་ཏེ་སེམས་འཚབ་བསལ་བ། གཙོ་གནད་མི་སྣའི་སྨན་པ་བསྟེན་པའི་དགོས་མཁོ་སྔོན་ལ་བསྐངས་ནས་120མྱུར་སྐྱོབ་ཁ་པར་ཆུ་ཚོད་24ཡི་རིང་ཉན་མཁན་ཡོད་དགོས་པ་དང་། ཕྱོགས་བསྡུས་སྨན་ཁང་དུ་བར་བརྒལ་ནད་ཁུལ(ཁང་པ)འཛུགས་པ། ཉེན་ཚབས་ཆེ་བའི་ནད་པར་སྨན་བཅོས་བྱེད་པའི་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱས་པ། སྡེ་ཁུལ་དུ་བསིང་བཅོས་ནད་པ་དང་། སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་པའི་སྐྱེད་མ། དམར་འབྱར། གཅོང་ནད་ཕོག་པ་སོགས་ཀྱི་ལས་ཀའི་རྩིས་ཁྲ་བཟོས་པ། སྨན་བཅོས་ལས་ཁུངས་དང་ལྷག་པར་དུ་སྒྲོམ་ཚང་སྨན་ཁང་གི་དངོས་ཟོག་མཁོ་སྤྲོད་དང་འཁོར་སྐྱོད་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་དུས་ཐོག་ཏུ་སྨན་བཅོས་ཐོན་ཁུངས་གང་མགྱོགས་མང་དུ་བཏང་ཡོད། སྨན་དོན་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱ་ཆེད། ཏང་དང་སྲིད་གཞུང་གིས་གོ་ཆོད་པ་དང་སྙིང་ཉེ་བའི་བྱ་ཐབས་སྤྱད་དེ་ཁོང་ཚོར་དཀའ་ངལ་དངོས་དང་སེམས་ཁྲལ་སེལ་རོགས་བྱས་པ་དང་། འགོག་བཅོས་ལས་དོན་ལ་ཞུགས་པའི་སྨན་བཅོས་མི་སྣ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་སྣར་རྒྱལ་ཁབ་ཀྱི་ཚད་གཞི་ལྟར་གནས་སྐབས་ཀྱི་ལས་ཀའི་ཁ་གསབ་དངུལ་སྤྲད་པ་མ་ཟད། ངལ་གསོའི་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱས་ཡོད།
ཀྲང་ཀེང་ཡུན་གྱིས“ནན་བཤད་བྱེད་དགོས་པ་ཞིག་ལ། སྨན་བཅོས་ཤེས་ལྡན་མི་སྣའི‘ཚོགས་སྒྲིག་རྣམ་པའི’བོད་སྐྱོར་གྱིས་རང་ལྗོངས་ཀྱི་རིམས་ནད་འགོག་བཅོས་ལས་དོན་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད། དུས་ཡུན་རིང་པོའི་ནང་ཆ་སྒྲིག་རོགས་སྐྱོར་བྱས་ནས་གྲུབ་པའི་ལས་སྟེགས་དང་ཐབས་ལམ་ལས་རིམས་ནད་འགོག་བཅོས་ཀྱི་རོགས་སྐྱོར་སྟོབས་ཤུགས་གང་མགྱོགས་གཅིག་སྡུད་བྱེད་པའི་ཐད་ལམ་ལུགས་ཀྱི་ལེགས་ཆ་གང་ལེགས་མངོན་ཡོད”ཅེས་བརྗོད་པ་རེད།
བོད་ལྗོངས་ཤར་བགྲོད་ལེགས་སྒྱུར་རིམ་སྤོར་བྱས་རྗེས་བཤེར་རྟགས་དམར་པོ་དང་། སེར་པོ། ལྗང་ཁུ་བཅས་ལ་གོ་བ་ཇི་ལྟར་ལེན་དགོས་པ་དང་། བཤེར་རྟགས་ཕན་ཚུན་སྒྱུར་བའི་སྒྲིག་སྲོལ། བཤེར་རྟགས་མི་འདྲ་བའི་མི་སྣར་དོ་དམ་ཇི་ལྟར་བྱེད་པ་སོགས་ཀྱི་གནད་དོན་ཐད། རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧོའུ་ཕའེ་པིན་གྱིས“ཏོག་གསར་གློ་ཚད་སྔོན་འགོག་དང་ཚོད་འཛིན་ཇུས་གཞིའི་པར་གཞི་དགུ་པ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ན། ཉེན་ཁ་མི་འདྲ་བའི་མི་ཚོགས་ཀྱི་འགོས་ཁྱབ་ཉེན་ཁ་ཆེ་ཆུང་དང་དོ་དམ་ལ་དམིགས་ནས་བོད་ལྗོངས་ཤར་བགྲོད་ཀྱི་བདེ་ཐང་བཤེར་རྟགས‘དམར་པོ་དང་། སེར་པོ། ལྗང་ཁུ’བཅས་ཚོས་གཞི་མི་འདྲ་བ་སོ་སོར་དབྱེ་སྟེ་གཏན་འཁེལ་ནད་པ་དང་། དོགས་ཡོད་ནད་པ། ཐད་འབྲེལ་ཡིན་སྲིད་པའམ་བདེ་ཐང་གི་མི་སྣ་བཅས་དབྱེ་བ་འབྱེད་ཆོག་པས། གཙོ་གནད་མི་ཚོགས་ལ་གནད་སྨིན་དོ་དམ་དང་དོ་དམ་འགན་འཁྲི་དབྱེ་བ་འབྱེད་རྒྱུར་ཕན་ཐོགས་ཏེ་གནད་སྨིན་སྟབས་བདེ་དང་སྤྱོད་སླ་བའི་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཤིག་རེད”ཅེས་བརྗོད་པ་རེད།
“གལ་སྲིད་སོ་སོའི་བདེ་ཐང་བཤེར་རྟགས‘དམར་པོ’དང‘སེར་པོ’ཡིན་པ་ཤེས་ཚེ། བདེ་ཐང་བཤེར་རྟཌ་འོག་གི་རྟགས་སྒྱུར་རྒྱུ་མཚན་ལ་བལྟས་ནས་འབྲེལ་ཡོད་ཆ་འཕྲིན་ཞིབ་ཕྲ་ཤེས་རྟོགས་བྱེད་ཆོག་པ་མ་ཟད། བདེ་ཐང་བཤེར་རྟགས་ཀྱི་གསལ་འདེབས་ལ་གཞིགས་ནས་རང་འགུལ་ངང་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱར་བརྩི་སྲུང་ཞུ་དགོས”ཞེས་ཧོའུ་ཕའེ་པིན་གྱིས་བརྗོད།