“ང་ནི་ནད་པ་ཡིན་ལ། ཏང་ཡོན་དང་མི་དམངས་ཉེན་རྟོག་པ་ཞིག་དེ་བས་ཀྱང་ཡིན། ང་ལ་ཏོག་གསར་འགོས་པ་གཏན་འཁེལ་བྱུང་རྗེས། ངས་སྒྲོམ་ཚང་གི་ནད་པ་དང་འབྲེལ་འདྲིས་ཟབ་མོ་ཐུབ་པ་མ་ཟད། ཉེན་ཁ་ཆེ་ཤོས་ཀྱི་སར་ལས་ཀ་ཡང་བྱ་ཆོག ང་སྒྲོམ་ཚང་སྨན་ཁང་དུ་སླེབས་ཟིན་པས། ཞུམ་པ་མེད་པར་ལས་ཀ་མཐའ་འཁྱོལ་བ་བྱེད་ཀྱི་ཡིན”
བཀྲ་ཚེ་ནི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་རིམ་པ་གཉིས་པའི་ཉེན་རྟོག་དཔོན་ཡིན་ཞིང་། 2003ལོའི་ཟླ་7པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ལས་གནས་སུ་ཁོང་ལ་སྔ་རྗེས་སུ་སྔོན་ཐོན་མི་སྒེར་དང་། དམངས་གཅེས་དཔེ་བཟང་བ། མི་སྒེར་གྱི་ཕུལ་བྱུང་བྱ་དགའ། བྱས་རྗེས་རིམ་པ་གཉིས་པ་དང་གསུམ་པ་བཅས་ཀྱི་གཟི་བརྗིད་མཚན་སྙན་ཐེངས་མང་འཐོབ་མྱོང་ཡོད།
ཟླ་8ཚེས་24ཉིན་ཅུས་ལས་ཁུངས་ཀྱི་ཏང་ཡོན་མི་དམངས(ལས་རོགས)ཉེན་རྟོག་པས། དཔལ་འབྱོར་གསར་སྤེལ་ཁུལ་སྒྲོམ་ཚང་སྨན་ཁང་དུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་བདེ་སྲུང་ཚོགས་ཆུང་གི་སྐབས་འཕྲལ་ཏང་ཀྲི་པུའུ་དང་དཔལ་འབྱོར་གསར་སྤེལ་ཁུལ་སྒྲོམ་ཚང་སྨན་ཁང་དུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཉེན་དོན་ཁང་བཙུགས་ནས། བློ་མཐུན་བཀྲ་ཚེ་ཡིས་སྐབས་འཕྲལ་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་ཁུར་བ་རེད། སྐབས་འཕྲལ་གྱི་ཏང་ཀྲི་པུའུ་བཙུགས་རྗེས་སྒྲོམ་ཚང་གི་ནད་དུག་འགོས་པའི་ཏང་ཡོན་140ལྷག་ཙམ་སྐུལ་སློང་ཧུར་ཐག་བྱས་ནས། ཏང་ཡོན་འཕྲལ་སྒྲུབ་རུ་ཁག་དང་། ཁོར་ཡུག་སྲུང་སྐྱོང་དང་བླངས་པའི་རུ་ཁག ནད་པའི་རོགས་རེས་རུ་ཁག་སོགས་ཀྱི་དང་བླངས་པའི་རྩ་འཛུགས་བཙུགས་ནས། སྒྲོམ་ཚང་གི་བདེ་འཇགས་སྒྲིག་ལམ་སྲུང་སྐྱོང་དང་། ཁོར་ཡུག་གཙང་སྦྲ་འཕྲོད་བསྟེན། ཉིན་རེའི་སྐོར་གཡེང་ཞིབ་བཤེར། ཐོལ་བྱུང་དོན་རྐྱེན་ཐག་གཅོད། སྒྲོམ་ཚང་གི་མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་རེད།
ཟླ་8ཚེས་28ཉིན་སྒྲོམ་ཚང་དུ་དཀའ་ཚེགས་ཆེ་བའི་བཅའ་སྡོད་བྱས་ནས་ལས་དོན་ཧུར་ཐག་སྒྲུབ་རིང་། བཀྲ་ཚེ་དང་སྒྲོམ་ཚང་དུ་བཅའ་སྡོད་མི་དམངས་ཉེན་རྟོག་པ་གསུམ་ལ་ཏོག་དབྱིབས་ནད་དུག་གསར་པ་འགོས་པ་རེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་། མི་དམངས་ཉེན་རྟོག་པ་བཞི་པོ་སྒྲོམ་ཚང་སྨན་ཁང་དེའི་སྒྲོམ་ཚང་དང་པོར་ལོགས་དགར་སྡོད་དགོས་ཀྱི་ཡོད། སྒྲོམ་ཚང་དང་པོར་སླེབས་རྗེས། བཀྲ་ཚེས་ཅུས་ཏང་ཨུད་ཀྱི་མངགས་བཅོལ་དང་མི་དམངས་ཀྱི་རེ་སྒུག་མ་བརྗེད་པར་སྒྲོམ་ཚང་དུ་ནད་དུག་འགོས་པའི་མི་དམངས་ཉེན་རྟོག་པ་བཞི་ལས་གྲུབ་པའི་སྐབས་འཕྲལ་གྱི“ཞུམ་མེད”ཏང་ཚོགས་ཆུང་བཙུགས།
སྒྲོམ་ཚང་དུ་ནད་དུག་འགོས་པའི་སྤོ་བོ་སྤེན་པ་ལགས་ཀྱིས་བཀྲ་ཚེ་མཐོང་རིམ་བཞིན་མདུན་དུ་བསྐྱོད་ནས་འཚམས་འདྲི་བྱེད་ཀྱི་ཡོད། སྤོ་བོ་སྤེན་པ་ལགས་ཀྱིས་བཀྲ་ཚེ་ནི་ངའི་གྲོགས་པོ་བཟང་པོ་ཞིག་ཡིན། ནད་དུག་འགོས་པའི་གྲངས་ཉུང་མི་རིགས་ཀྱི་ནད་པར་བཟའ་བཏུང་གི་གོམས་གཤིས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། ཁོང་གིས་ང་ཚོར་རྩམ་པ་དང་མར། ཇ་སྲུབས་མ་སོགས་བསྐྱལ་བྱུང་། ཟླ་9ཚེས་5ཉིན་ནས་བཟུང་། ཏང་ཀྲི་པུས་ཉིན་ལྟར་དགོང་མོ་སྒྲོམ་ཚང་གི་སྤྱི་པའི་ཁུལ་དུ་ནད་དུག་འགོས་པའི་ནད་པར་སྒོར་གཞས་འཁྲབ་པ་དང་གཞས་གཏོང་བ་སོགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད་པས། ང་ཚོ་བློ་བདེ་བག་ཕེབས་ངང་སྨན་བཅོས་བྱེད་ཡ་འདུག་ཅེས་བཤད།
སྒྲོམ་ཚང་གསར་པར་འགྲན་སློང་གསར་པ་ཡོད་སྲིད། ངས་དམག་འཐབ་འདིར་ཞུགས་པས། རྒྱལ་ཁ་འཐོབ་ངེས་ཀྱི་དད་སེམས་བརྟན་པོ་མུ་མཐུད་རྒྱུན་འཁྱོངས་བྱས་ནས། སྒྲོམ་ཚང་གསར་པར་བསྐྱོད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་བླངས་ཏེ། གྲོང་ཁྱེར་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པར་རང་ནུས་ཡོད་རྒུ་འདོན་གྱི་ཡིན་ཞེས་བཤད།