རིམས་ནད་ཐོན་ཚུན། ལྗོངས་ཡོངས་སུ་ཁོར་ཡུག་གཙང་སྦྲ་བ་4300ལྷག་ཙམ་གྱིས་ལས་གནས་བརྟན་སྲུང་དང་དཀའ་ཉེན་ལ་མི་སྐྲག་པར་ས་ཁུལ་ཁག་གི་གྲོང་ཁྱེར་དང་། རྫོང(ཆུས) ཤང་དང་གྲོང་རྡལ(ཁྲོམ་གཞུང) གྲོང་ལྷན (སྡེ་ཁུལ)བཅས་སུ་དུག་སེལ་དང་གད་སྙིགས་གཙང་སེལ་སོགས་ཀྱི་འགན་འཁུར་ཞིང་། རིམས་འགོག་གི་འཐབ་ཕྱོགས་དང་པོ་བརྟན་པོར་སྲུང་བཞིན་པའི་ལས་དོན་པ་དང་དཔུང་པ་མཉམ་གཤིབ་ཀྱིས་ལས་གནས་རང་ཁྱིམ་ལྟ་བུར་བརྩི་བ་ནི་ཁོ་ཚོའི་ལས་ཀ་དང་འཚོ་བའི་རྒྱུན་རྣམ་དུ་གྱུར་ཡོད།
རིམས་ནད་ཐོན་ཚུན། ལྗོངས་ཡོངས་སུ་མེར་སྲེག་བཟོ་གྲྭ་དང་། གད་སྙིགས་སྦེད་ས། དབོར་འདྲེན་ས་ཚུགས་སོགས་གནོད་མེད་ཅན་གྱི་སྒྲིག་བཀོད་ཁག་277ལྷག་ཙམ་ཚང་མ་འཁོར་སྐྱོད་བྱེད་པ་དང་། ཉིན་ལྟར་ཆ་སྙོམས་གད་སྙིགས་དབོར་འདྲེན་རླངས་འཁོར་900ལྷག་ཙམ་གཏོང་བ། ཉིན་ལྟར་འཚོ་བའི་གད་སྙིགས་ཏུན་3500ལྷག་ཙམ་དབོར་བ། ཁོར་ཡུག་གཙང་སྦྲ་བ་བརྒྱ་ཕྲག་ཁ་ཤས་ལོགས་འཇོག་ས་ཚིགས་སུ་སྤོས་ནས་གཙང་སྦྲ་བྱས་ཏེ་གད་སྙིགས་ཉིན་ལྟར་གཙང་སེལ་བྱེད་ཅིང་། ལོགས་འཇོག་ས་ཚིགས་དང་ཉེ་འཁོར་གྱི་ཁོར་ཡུག་ཁྱོན་ཡོངས་ནས་གཙང་མ་བཟོ་བ་དང་ནད་ཡམས་མཆེད་པའི་ཉེན་ཁ་ཁྱོན་ཡོངས་ནས་སྔོན་འགོག་བྱས་ཏེ། ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་བླང་ཆེད། ཁོར་ཡུག་གཙང་སྦྲ་བའི་སྟོབས་ཤུགས་ལེགས་སྐྱེས་འབུལ་བཞིན་ཡོད།
གློ་བུར་དུ་ཐོན་པའི་རིམས་ནད་ཀྱི་མདུན་དུ། ལྗོངས་ཡོངས་ཀྱི་རྫོང(ཆུས)74ཡི་ཁོར་ཡུག་གཙང་སྦྲ་བས་རང་འགན་ནན་སྒྲུབ་དང་ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ལ་གཙང་ཞིང་གྲལ་འགྲིག་པའི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་ཆེད། ཞོགས་སྔ་པོ་ནས་དགོང་ས་སྲོས་བར་དང་ཁྲོམ་གཞུང་ནས་སྲང་ལམ་བར་ཚན་རིག་དང་མཐུན་པའི་ངང་གད་སྙིགས་སྣ་ཚོགས་རིགས་དབྱེ་གཙང་སེལ་དང་ཚད་གཞི་དང་མཐུན་པའི་ངང་དུག་སེལ་བྱས་ཏེ། ནད་དུག་མཆེད་པའི་ཉེན་ཁ་ཆུང་དུ་བཏང་ནས་རིམས་ནད་འགོག་རྒོལ་ལ་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད།
རིམས་ནད་ལ་སྙིང་རྗེ་མེད་ཀྱང་མི་ཡུལ་ལ་བརྩེ་བ་ཡོད། ཁོར་ཡུག་གཙང་སྦྲ་བ་རྣམས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་གྱོན་གོས་ལི་ཧང་གྱོན་པའི“འཐབ་འཛིང་བར”གྱུར་ནས། “ལྡོག་སྐྱོད་པ”ཚང་མ་དང་མཉམ་དུ་ང་ཚོའི་ཁྱིམ་གཞིས་གཙང་མ་དང་གོ་རིམ་ལྡན་པ་ཞིག་ཡོང་བར་གཞོལ་བཞིན་ཡོད།