ཉིན་ཤས་བསྟུད་མར། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གྲོང་ཁྱེར་དང་ས་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་དོན་མི་སྣར་འཚམས་འདྲི་གནང་བ་མ་ཟད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་བརྟག་ཞིབ་ཀྱང་གནང་བ་རེད།
ཟླ་9ཚེས་10ཉིན། ལྗོངས་ཏང་ཨུད་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་སྤུ་ཧྲེང་རྫོང་གི་ཤང་གཉིས་དང་གྲོང་རྡལ་གཅིག་ཏུ་ཕེབས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་དོན་མི་སྣར་འཚམས་འདྲི་གནང་བ་རེད། རེན་ཝེ་ཡིས་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ཚང་མས་ལས་གནས་བརྟན་སྲུང་དང་རང་འགན་གཙང་སྒྲུབ་བྱས་པར་ཟོལ་མེད་ཀྱི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། རེན་ཝེ་ཡིས“སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་། རྒྱལ་ངེས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ། ཡང་འབད་བསྐྱར་འབད་དང་དུས་ངལ་མཉམ་སེལ་བཅས་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་ནུས་ཤུགས་ཡོད་རྒུས་རྒྱལ་ཁ་ལེན་དགོས། སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི་དཔར་མ་དགུ་པའི་བླང་བྱ་གཞིར་བཟུང་། གཙོ་གནད་མངོན་གསལ་དོད་དུ་གཏོང་བ་དང་། སྟོབས་ཤུགས་གཅིག་སྡུད་བྱེད་པ། འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ནས། བྱེད་ཐབས་ཁག་དམ་འཛིན་ཞིབ་ཕྲ་དང་ཏན་ཏིག་བྱེད་དགོས། མི་སྒེར་གྱི་འགོག་སྲུང་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ། བསམ་པའི་ཉམས་འགྱུར་བཟང་པོ་དང་ལས་ཀའི་ངར་ཤུགས་རྒྱུན་འཁྱོངས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཟླ་9ཚེས་10ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་གཞིས་རྩེ་གྲོང་ཁྱེར་དུ་ཕེབས་མཁན་རང་སྐྱོང་ལྗོངས་ཀྱི་འགན་གཙང་འགན་ལེན་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཅང་ཅེས་རུ་སྣེ་ཁྲིད་གནང་སྟེ། གཞིས་རྩེ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་དོན་མི་སྣར་འཚམས་འདྲི་གནང་ནས། ཁོང་ཚོར་བླ་ན་མེད་པའི་གུས་འདུད་དང་དུས་ཆེན་གྱི་འཚམས་འདྲི་གནང་བ་མ་ཟད། བསམ་ཤེས་གང་ལེགས་དང་སྒེར་སེམས་མེད་པར་རྒྱབ་སྐྱོར་བྱེད་མཁན་ཁོང་ཚོའི་ནང་མིར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས། ལས་འགན་སྔར་བཞིན་ལྕི་བས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་། ཚང་མས་ཡིད་ཆེས་བརྟན་དུ་གཏོང་བ་དང་། ལས་འགན་བརྟན་སྲུང་བྱེད་པ། དཀའ་ངལ་ཁྱད་བསད་བྱེད་པ། དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ་བཅས་བྱ་རྒྱུ་དང་ཆབས་ཅིག རང་ངོས་ཀྱི་འགོག་སྲུང་ཡག་པོ་བྱེད་པ་དང་། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱེད་པ། བདེ་འཇགས་འགན་ལེན་བཅས་བྱས་ཏེ། རྒྱལ་ཁ་མཐར་ཕྱིན་པ་ལེན་མ་ཐུབ་བར་དམག་འཐབ་མུ་མཐུད་རྒྱག་རྒྱུའི་རེ་བ་ཡོད་ཅེས་བསྟན་པ་རེད།