ང་ཚོ་རྒན་ཡོལ་ཞུས་པའི་བགྲེས་སོང་རྐང་འཁོར་རུ་ཁག་ས་མཐོར་འགྲན་སློང་བྱེད་པར་ཡོང་བ་ཡིན། བོད་དུ་རིམས་ནད་ཐོན་ནས་ཕ་ཡུལ་ལ་ལོག་ཐུབ་མ་སོང་། འོན་ཀྱང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐུགས་ཁུར་དང་བྱམས་སྐྱོང་གནང་བྱུང་། ཁྱེད་རྣམ་པའི་བཀའ་དྲིན་བརྗོད་ནས་རྗོད་ཐབས་བྲལ་བ་ཞིག་རེད། ཕྱིས་སུ་ང་ཚོས་བརྗེད་པར་དཀའ་བའི་གནས་ཚུལ་འདི་རྒྱལ་ཡོངས་རྐང་འཁོར་གྲོགས་ཚོགས་སུ་དྲིལ་བསྒྲགས་བྱས་ནས། རང་རེའི་ཏང་དང་སྲིད་གཞུང་གིས་རིམས་ནད་ཀྱི་དཀའ་ཚེགས་ཆེ་བའི་དུས་སྐབས་སུ་མང་ཚོགས་དཀྱུས་མ་ཁྱུ་གཅིག་གི་ཆེད་དུ་གནང་བའི་འབད་བརྩོན་མཐའ་དག་མི་རྣམས་ཀྱིས་ནམ་ཡང་མ་བརྗེད་པ་བྱེད་ཀྱི་ཡིན་ཞེས། ཟླ་9ཚེས་8ཉིན་མངའ་རིས་ས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་འཇིགས་མེད་དབང་ཕྱུག་ལ་གོར་མོ་ནས་མངའ་རིས་སུ་ལོག་པའི་ལམ་བར་དུ་ཐུགས་རྗེ་ཆེ་ཞུ་བའི་འཕྲིན་ཐུང་འབྱོར་བ་རེད།
ཉིན་བཞི་ཡི་རིང་ལམ་ཐག་སྤྱི་ལེ་2100བསྐྱོད་རྗེས། ཟླ་9ཚེས་7ཉིན་མངའ་རིས་ས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་རང་སོར་ལུས་པའི་ཡུལ་སྐོར་བ་32མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་དུ་བདེ་བླག་ངང་བསྐྱལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཁག་འདིའི་ཡུལ་སྐོར་བ་ལན་ཀྲོའུ་གྲོང་ཁྱེར་དུ་བསྐྱལ་ཟིན་པ་དང་། ཉིན་7ལོགས་སུ་བཞག་རྗེས་རང་སོ་སོའི་ཕ་ཡུལ་དུ་ལོག་མཁན་རེད།
མངའ་རིས་ས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཅུས་དང་མཚོ་སྔོན་གདང་ལ་གྲོང་རྡལ་གྱི་རིམས་འགོག་ལས་དོན་མི་སྣས་ཡུལ་སྐོར་བའི་ཟ་སྡོད་ཀྱི་བཀོད་སྒྲིག་སྐོར་ལ་གྲོས་བསྡུར་བྱེད་བཞིན་པ།
ཡུལ་སྐོར་བ་32ལས་མི་27ནི་བགྲེས་སོང་རྐང་འཁོར་ཚོགས་པ་ཞིག་ནས་ཡིན་པ་དང་། ཁོ་ཚོའི་ཆ་སྙོམས་ལོ་གྲངས་ལོ་60ཡན་ལ་སླེབས་ཡོད། ཁོ་ཚོ་ཟླ་6པར་ཤིན་ཅང་ནས་ཐོན་པ་དང་ཟླ་8པར་མངའ་རིས་སུ་འབྱོར་བ་རེད། དང་ཐོག་རྐང་འཁོར་བཞོན་ཏེ་རྒྱལ་ལམ་219ཤིན་ཅང་ནས་བོད་ལྗོངས་ལམ་དུམ་གྱི་སྤྱི་ལེ་ཁྲི་གཅིག་ལྷག་ཙམ་འགྲོ་རྩིས་ཡོད། འོན་ཀྱང་གློ་བུར་དུ་ཐོན་པའི་རིམས་ནད་ཀྱི་རྐྱེན་པས་མངའ་རིས་ཀྱི་སེང་གེ་ཁ་འབབ་གྲོང་རྡལ་དུ་ལུས་པ་རེད། རང་སོར་ལུས་རིང་། མངའ་རིས་ས་ཁུལ་གྱི་རིམ་ཁག་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་མི་སྣས་ཁོ་ཚོ་སྡོད་སའི་མགྲོན་ཁང་དུ་ཐེངས་མང་བསྐྱོད་ནས་འཚམས་འདྲི་བྱས་པ་དང་སྦྲགས། མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན་གྱི་རིམས་འགོག་བཀོད་འདོམས་པུའུ་དང་མཐུན་སྦྱོར་ཧུར་ཐག་བྱས་ནས། ཁོ་ཚོ་ལན་ཀྲོའུ་གྲོང་ཁྱེར་དུ་བདེ་བླག་ངང་སྐྱོད་པའི་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱས་པ་རེད།
ཡུལ་སྐོར་བ་སྐྱེལ་བའི་ལམ་བར་དུ་རིམས་འགོག་ཞིབ་བཤེར་ས་ཚིགས་ཁག་གིས་ཁོ་ཚོར་ཟ་མ་སྟབས་བདེ་དང་ཆུ་ཁོལ་བླུག་བཞིན་པ།
རྐང་འཁོར་རུ་ཁག་གི་རུ་མི་ཚོ་ཨ་མདོ་རྫོང་རྟ་རྒྱུག་ཐང་དུ་ངལ་གསོ་རྒྱག་བཞིན་པ།
ང་ཚོ་མངའ་རིས་སུ་སླེབས་དུས། བསམ་ཡུལ་ལས་འདས་པ་ཞིག་ལ་རིམས་ནད་ཐོན་སོང་། ང་ཚོའི་ནང་ནས་མི་མང་ཆེ་བ་ལོ་63ཡན་གྱི་བགྲེས་སོང་ཤ་སྟག་རེད། དེས་མ་ཚད། ཚང་མར་ཆེ་ཆུང་ལ་མ་བལྟོས་པའི་ནད་གཞི་འདྲ་མིན་ཕོག་ཡོད། སྐབས་དེ་དུས་དངངས་སྐྲག་ཆེན་པོ་སྐྱེས་བྱུང་། ང་ཚོའི་ཁྲོད་ཀྱི་དབུགས་འཚང་ནད་ཡོད་པའི་བགྲེས་སོང་ཁག་གཅིག་སྨན་གཏོང་དགོས་ཡོད་པས། ལས་དོན་མི་སྣས་ལམ་སེང་སྨན་རྫས་ཀྱི་གནད་དོན་ཐག་གཅོད་བྱས་པ་མ་ཟད། ད་དུང་ང་ཚོར་རིན་པ་མི་དགོས་པར་སྡོད་གནས་དང་འཚོ་བའི་མཁོ་ཆས་སྣ་ཚོགས་མཁོ་འདོན་བྱས་པ་དང་། སེམས་གསོ་ཡང་ཡང་བཏང་ནས་ང་ཚོའི་སེམས་ཤུགས་འཕེལ་བར་བྱས་བྱུང་། ལོག་པའི་ལམ་བར་དུ་ཁོང་རྣམ་པས་བསྐྱལ་བ་མ་ཟད། ང་ཚོ་དང་མཉམ་དུ་གུར་གྱི་ནང་དུ་མཉམ་ཟ་མཉམ་འཐུང་བྱས་པས། སེམས་འགུལ་ཆེན་པོ་ཐེབས་བྱུང་། རིམས་ནད་མཇུག་འགྲིལ་རྗེས། ང་ཚོས་ཁོང་རྣམ་པར་ཐུགས་རྗེ་ལེགས་འབུལ་ཞུ་བར་འགྲོ་གི་ཡིན་ལ། མུ་མཐུད་ང་ཚོའི་འཆར་གཞི་ལེགས་སྒྲུབ་ཀྱང་བྱེད་ཀྱི་ཡིན་ཞེས་རྐང་འཁོར་རུ་ཁག་གི་རུ་དཔོན་ལིན་ཧོ་ཕིང་གིས་བརྗོད།
མངའ་རིས་ས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཅུས་དང་མཚོ་སྔོན་གདང་ལ་གྲོང་རྡལ་གྱི་རིམས་འགོག་ལས་དོན་མི་སྣས་ཡུལ་སྐོར་བའི་ཟ་སྡོད་ཀྱི་བཀོད་སྒྲིག་སྐོར་ལ་གྲོས་བསྡུར་བྱེད་བཞིན་པ།