དབུ་ཤོག>ཆེད་སྒྲིག
  • ཟླ་མཆོད་དུས་ཆེན་ལ་ངས་ལས་གནས་བརྟན་སྲུང་བྱས་ནས་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་ཐང་སྲུང་གི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-12

    ལོ་གཅིག་དུས་གཅིག་གི་ཟླ་མཆོད་དུས་ཆེན་ཤར་བ་དང་དུས་ཆེན་སླེབས་རིམ་བཞིན་གཉེན་ཉེ་ལྷག་པར་དྲན། ཁྱིམ་ཚང་ཚང་མ་མཉམ་འཛོམས་ཀྱི་ཉིན་མོ་དེར་ཁོང་རྣམ་པས་ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་དང་བདེ་ཐང་གི་ཆེད་དུ་རིམས་འགོག་ལས་གནས་བརྟན་སྲུང་བྱེད་པ་དང་། གཉེན་ཉེར་དྲན་སེམས་དང་སྨོན་འདུན་ཞུ་རྒྱུ་ལས་མ་འདས། མང་ཚོགས་ལ་ཁོང་ཚོས་ལྷག་བསམ་ཟོལ་མེད་དང་སེམས་ཁུར་ཚད་མེད་བྱེད་པ་དང་། ལས་ཀའི་ཐད་ཁོང་ཚོས་བྱ་སྤྱོད་ལ་བརྟེན་ནས་འགན་འཁྲི་འཁུར་གྱི་ཡོད། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། སྨན་དོན་ལས་དོན་པ། མི་དམངས་ཉེན་རྟོག་པ། སྡེ་ཁུལ་གྱི་ལས་དོན་མི་སྣ། དང་བླངས་པ་སོགས་ཀྱིས་རིམས་འགོག་འཐབ་ས་དང་པོར་མུ་མཐུད་འབད་འཐབ་བྱས་ཏེ། དམངས་སེམས་གཅིག་མཐུན་དང་བློ་བརྟན་འགྱུར་མེད་ངང་བྱ་སྤྱོད་དངོས་ཀྱི་ཐོག་ནས་རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་དར་སྤེལ་བཏང་བ་དང་། གཅིག་སེམས་གཅིག་སྦྲེལ་དང་ཕྱིར་བཤོལ་གཏན་ནས་མི་བྱེད་པར་བདེ་ཐང་དང་བདེ་འཇགས་སྲུང་བའི་ཟངས་གྱང་ལྕགས་རྩིག་བསྐྲུན་ཡོད།

    ལྷ་ས་གྲོང་ཁྱེར་ཧྲེང་ཁྲེང་ལི་ཏུའུ་ཁུལ་ཆུང་གི་ལས་སྒྲུབ་བྱ་ཡུལ་དུ“95པའི་ནང་སྐྱེས”ཏང་ཡོན་མི་དམངས་ཉེན་རྟོག་པ་བསྟན་འཛིན་དབང་འདུས་ཀྱིས་སྡེ་ཁུལ་གྱི་ལས་དོན་མི་སྣ་དང་དང་བླངས་པར་གཞོགས་འདེགས་ཧུར་ཐག་བྱས་ནས་དུས་ཆེན་གྱི་དངོས་ཟོག་ཉོ་སྒྲུབ་དང་སྐྱེལ་འདྲེན་བྱེད་པ་དང་། ཁུལ་ཆུང་དུ་དུག་སེལ་དང་། སྨན་དོན་མི་སྣར་གཞོགས་འདེགས་བྱས་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་པ། སྒོ་རྩར་བསྐྱོད་དེ་ན་རྒས་ནད་པར་རོགས་རམ་དང་ཞབས་འདེགས་ཞུ་གི་ཡོད།

    ཁེར་སྡོད་བགྲེས་སོང་ཚེ་རིང་གྲགས་པའི་ཁྱིམ་དུ། བསྟན་འཛིན་དབང་འདུས་ཀྱིས“སྤོ་ལགས། དེ་རིང་ཟླ་མཆོད་དུས་ཆེན་ཡིན་པས་ངས་ཁྱེད་ལ་ཟླ་མཆོད་བག་ལེབ་གཉིས་འཁྱེར་ཡོད། སྒོ་འགྲམ་དུ་བཞག་ཡོད། ཏོག་ཙམ་ནས་ལེན་རོགས་གནང”ཞེས་བཤད། དུད་ཚང་རེར་སླེབས་རིམ་བཞིན་བསྟན་འཛིན་དབང་འདུས་ཀྱིས་མི་ཚང་མའི་མིང་འབོད་ཐུབ་པ་མ་ཟད། སེམས་རྩ་འཁོལ་པོས་ཁོང་ཚོར་འཚམས་འདྲི་ཞུ་གི་ཡོད།

    ཟླ་མཆོད་དུས་ཆེན་སྐབས་ལྷ་སའི་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་ཉང་བྲན་ཁྲོམ་གཞུང་མངགས་གཏོང་ཁང་ཁོངས་གཏོགས་ཁུལ་གྱི་ཉེན་ཆེའི་ཁུལ་དུ་བརྟན་སྲུང་བྱས་ནས། གྲོང་ཁྱེར་གྱི་ཁྱིམ་ཚང་ཁྲི་སྟོང་མང་པོ་སྲུང་སྐྱོང་བྱེད་ཀྱི་ཡོད།

    མི་རིགས་ཕན་ཚུན་མཐུན་སྒྲིལ་ཆེ་བ་དང་ཟླ་མཆོད་བག་ལེབ་བྲོ་བ་དེ་བས་ཞིམ། ལྷ་ས་གྲོང་ཁྱེར་ཉང་བྲན་ཤང་སྤྱི་སོ་གྲོང་ཚོར་ཏང་ཡོན་མི་དམངས་ཉེན་རྟོག་པ་བསྟན་འཛིན་དངོས་གྲུབ་དང་མགོན་པོ་བཀྲ་ཤིས་ཀྱིས་མང་ཚོགས་ལ་དངོས་ཟོག་སྐྱེལ་རོགས་བྱེད་བཞིན་ཡོད། མི་དམངས་ཉེན་རྟོག་པས་ཆོས་སྐྱིད་ཉི་མའི་ཁྱིམ་ལ་དངོས་ཟོག་སྐྱེལ་སྐབས། ཆོས་སྐྱིད་ཉི་མས་བློ་མཐུན་གཉིས་པོར་རང་ཉིད་ཀྱིས་བཟོས་པའི་ཕྱུ་རའི་བག་ལེབ་གྲོང་ཚོའི་གྲོང་མི་གཞན་དག་ལ་སྐྱེལ་རོགས་ཞུས་པ་དང་། མི་དམངས་ཉེན་རྟོག་པ་གཉིས་པོ་བགྲེས་སོང་ཁོང་གི་ལྷད་མེད་བརྩེ་སེམས་ལས་སེམས་འགུལ་ཆེན་པོ་ཐེབས་ཏེ། འཕྲལ་མར་ཕྱུ་རའི་བག་ལེབ་བསྐྱལ་བར་ཕྱིན་པ་རེད། ལོགས་འཇོག་བྱ་ཡུལ་མགྲོན་ཁང་དུ་ཕྱིར་ལོག་རྗེས་ཁོང་ཚོས་སྒོ་འགྲམ་དུ་ཚན་པ་དང་མང་ཚོགས་ཀྱིས་བསྐྱལ་བའི་ཟླ་མཆོད་བག་ལེབ་དང་ཤིང་འབྲས་མཐོང་སྐབས་སེམས་འགུལ་ཆེན་པོས“ང་ཚོ་ཚང་མས་མཐུན་སྒྲིལ་བྱས་ཚེ་རིམས་ནད་ལས་རྣམ་པར་རྒྱལ་ནས་མཛེས་སྡུག་དང་། བདེ་སྐྱིད། མཐུན་སྒྲིལ། དུས་བདེ་བཅས་ལྡན་པའི་ཁྱིམ་གཞིས་སྐྲུན་ཐུབ་ངེས་རེད”ཅེས་བཤད།

    ཧུའུ་ནན་ཞིང་ཆེན་ཧོའེ་ཧྭ་གྲོང་ཁྱེར་ཀྲི་ཅང་རྫོང་མི་དམངས་སྨན་ཁང་གི་ནད་སྐྱོང་བ་ཐེན་ཅིན་ཧྥང་གིས་བོད་སྐྱོར་རིམས་འགོག་བྱེད་རིང་། པ་ཕ་གློ་བུར་དུ་ཚེ་ལས་འདས་པ་དང་གཏམ་ངན་དེ་ཐོས་སྐབས་ཐེན་ཅིན་ཧྥང་སེམས་སྡུག་ཆེན་པོ་བྱུང་ནས་ངུ་ཤོར་བ་རེད།

    ནང་མི་མཉམ་འཛོམས་ཀྱི་ཉིན་མོ་དེར་ཐེན་ཅིན་ཧྥང་ཕ་མ་དང་མཉམ་འཛོམས་བྱེད་ཐབས་བྲལ་ཡོད། ཁོང་གིས་སེམས་སྡུག་ཆེན་པོ་བཟོད་བསྲན་གྱིས་ཐོག་མཐའ་བར་གསུམ་དུ་རིམས་འགོག་འཐབ་ས་དང་པོ་བརྟན་སྲུང་གིས་ཧུའུ་ནན་བོད་སྐྱོར་སྨན་བཅོས་རུ་ཁག་གི་བློ་མཐུན་ཚོ་དང་མཉམ་དུ་རིམས་འགོག་ལས་དོན་གྱི་འཐབ་ས་མདུན་མར་འབད་འཐབ་བྱས་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་དང་བླ་ན་མེད་པའི་ལས་རིགས་སྙིང་སྟོབས་མཚོན་པར་བྱས་པ་རེད།

    ད་དུང་ཐེན་ཅིན་ཧྥང་དང་འདྲ་བར་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་སྨན་དོན་མི་སྣ་མང་པོ་ཡོད་པ་དང་ཁོང་ཚོས་ཐུན་མོང་ཐོག་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་དང་བདེ་འཇགས་སྲུང་སྐྱོང་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

    ཉིན་ཤས་གོང་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཟླ་མཆོད་དུས་ཆེན་ལ་འཚམས་འདྲི་བྱས་ནས་མང་ཚོགས་ལ་ཟླ་མཆོད་བག་ལེབ་སྤྲད་པ་རེད། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་ལ་གཞོགས་འདེགས་བྱ་ཆེད། ཅིང་ཏུང་གིས་རང་ངོས་ཀྱི་མཁོ་སྤྲོད་སྦྲེལ་ཐག་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རང་འགུལ་ངང་སྲིད་གཞུང་དང་དགོས་མཁོ་འབྲེལ་མཐུད་བྱས་ཏེ། ཅིང་ཏུང་གི་བོད་སྡོད་མི་སྣ་ཡོངས་སྐུལ་སློང་བྱས་ནས“དངོས་ཟོག་གཅིག་སྡུད་ཉོ་སྒྲུབ་དང་། གཅིག་གྱུར་བརྒྱུད་འདྲེན། མཐའ་སྣེ་སྡེབ་སྐྱེལ་དང་བགོས་སྤྲོད”བཅས་ཀྱི་བྱེད་སྟངས་སྤྱད་དེ་འཁོར་སྦྲེལ་སྤྱི་ཡོངས་འགན་ལེན་བྱས་པ་རེད།

    ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་འོག ཅིང་ཏུང་ཟོག་འགྲེམས་ཀྱིས་མཚན་གང་ལས་ཀ་བྱས་པ་དང་ཚེས་10ཉིན་གྱི་ཞོགས་པའི་ཆུ་ཚོད་8པ་བར། གྲོང་མི་དུད་ཚང་ཁྲི་38ཙམ་དང་། འཐབ་ས་དང་པོའི་མི་སྣ། དེ་བཞིན་ལོགས་འཇོག་བྱ་ཡུལ་དང་། སྒྲོམ་ཚང་སྨན་ཁང་། སློབ་གྲྭ། དགོན་སྡེ། ཕན་བདེའི་སྒྲིག་གཞི་སོཌ་སྡེ་ཚན་ལ་ཟླ་མཆོད་བག་ལེབ་ཁྲི་བཅུ་གྲངས་བསྐྱལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།