ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་གྱི་ཕྱོགས་ཁག་གི་སྒྲོམ་ཁང་སྨན་ཁང་གིས“བསྡུ་དགོས་རིགས་བསྡུ་བ་དང་སྨན་བཅོས་བྱེད་དགོས་རིགས་སྨན་བཅོས་བྱེད་པའི”བླང་བྱ་གཞིར་བཟུང་། གདགས་གཤིས་མི་སྣ་ཉར་བཅོས་བྱེད་ཚད་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་བ་དང་མིག་སྔར་སྒྲོམ་ཚང་སྨན་ཁང་ཁག་གོ་རིམ་ལྡན་པའི་ངང་སྤྱོད་འགོ་ཚུགས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་སྣེའུ་སྒྲོམ་ཚང་སྨན་ཁང་དུ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ལས་དོན་པ་220ཡོད་ཅིང་། སྨན་ཁང་དེའི་སྐྱོབ་བཅོས་རུ་ཁག་གིས་སྒྲོམ་ཚང་སྨན་ཁང་དུ་བྱིས་པའི་ཁུལ་བཙུགས་པ་དང་བྱིས་ནད་ཚན་ཁག་གི་སྨན་པས་འགན་འཁུར་གྱི་ཡོད་པ་རེད། གཙོ་གནད་མི་ཚོགས་ཀྱི་ཁུལ་བཙུགས་པ་དང་མྱུར་སྐྱོབ་ཉལ་ཁྲི་དང་། དེ་བཞིན་མྱུར་སྐྱོབ་རླངས་འཁོར། མྱུར་སྐྱོབ་སྨན་རྫས་བཅས་བཀོད་སྒྲིག་བྱས་ཡོད། སྦྲུམ་མ་དང་རྨང་གཞིའི་ནད་གཞི་ཡོད་པའི་རྒན་རྒོན་སོགས་ཉེན་ཆེའི་ནད་པར་བལྟོས་བཅས་ངང་གཅིག་སྡུད་དོ་དམ་བྱས་ནས་སྨན་བཅོས་བདེ་འཇགས་ཡོང་བའི་འགན་ལེན་བྱས་ཡོད།
ནད་པར་བདེ་ཐང་དང་། སྣ་ཁ་འཛོམས་པ། འཚོ་བཅུད་ལྡན་པ་བཅས་ཀྱི་ལྟོ་ཆས་བཟའ་ཐུབ་པ་བྱ་ཆེད། ལྷ་ས་སྣེའུ་སྒྲོམ་ཚང་སྨན་ཁང་གིས་སྨན་དོན་མི་སྣ་སྡོད་སའི་མགྲོན་ཁང་དང་ལྷ་ས་གྲོང་ཁྱེར་མ་འཇོག་ཀུང་སི་རེས་མོས་བྱས་ནས་ལྟོ་ཆས་སྐྱེལ་གྱི་ཡོད་པ་དང་ནད་པའི་ཉིན་གཅིག་གི་ལྟོ་དུས་གསུམ་འགན་ལེན་བྱེད་པ་ཕུད་ཉིན་ལྟར་ད་དུང་འོ་མ་དང་། སྟབས་བདེའི་ཐུག་པ། གཏེར་ཆུ་སོགས་སྐྱེལ་གྱི་ཡོད་པ་རེད།
ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་བོད་ཀྱི་གསོ་བ་རིག་པའི་རིག་གནས་ཁང་གི་སྒྲོམ་ཚང་སྨན་ཁང་གི་ལས་དོན་མི་སྣ་ལུའེ་ཤའོ་ཧྥུང་གིས“ང་ཚོས་མི་བཅུར་ཚོགས་ཆུང་གཅིག་གི་རོགས་རེས་ཚོགས་ཆུང་བཙུགས་པ་དང་རོགས་པ་མེད་པའི་རྒན་རྒོན་ལ་ལྟ་རྟོག་བྱས་ཏེ་ཁོང་ཚོར་ལྟོ་ཆས་དང་སྨན་ལེན་རོགས་སོགས་བྱེད་པ་དང་། སྒྲོམ་ཚང་སྨན་ཁང་ཁག་དང་འབྲེལ་མཐུད་ལམ་སྲོལ་བཟོས་ནས་རྒན་རྒོན་གྱི་རྒྱུན་མཐོང་ནད་གཞིའི་སྨན་དང་། ཕྲུ་གུའི་འོ་རྩམ། ཆབ་གདན། རྩེད་ཆས་སོགས་ཉོ་རོགས་བྱེད་པ་དང་དམིགས་བསལ་ལས་དོན་དམིགས་བསལ་ངང་སྒྲུབ་པ་དང་ཉོ་སྒྲུབ་བྱེད་མགྱོགས་སུ་བཏང་སྟེ་འཚོ་བའི་དགོས་ངེས་མཁོ་ཆས་མཁོ་སྤྲོད་ཐུབ་པའི་འགན་ལེན་བྱས་ཡོད། རྒན་རྒོན་དང་ཕྲུ་གུར་སེམས་ཁམས་ཁྲིད་སྟོན་བྱས་ཏེ་ཁོང་ཚོ་སྨན་བཅོས་བྱེད་རིང་སེམས་ལྷོད་པོ་ཡོང་བའི་འགན་ལེན་བྱས་ཡོད”ཅེས་བཤད།