རིམས་ནད་ཐོན་ཚུན་རང་ལྗོངས་ཀྱི་ཁག་དང་པོའི་རང་སྐྱོང་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་57གྱི་ལས་བྱེད་པ་618ཀྱིས་དང་བླངས་ཞབས་ཞུ་རུ་ཁག་བཙུགས་ཏེ། འཐབ་ས་དང་པོར་གཤམ་གཏོང་བྱས་པའི་ནང་ལྗོངས་ཏང་ཨུད་རྩ་འཛུགས་པུས་མི་153འདེམས་གཏོང་བྱས་པ་དང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་མི་102དང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་མི་19 སྐྱིད་གྲོང་རྫོང་གིས་མི་32བཅས་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཏང་ཨུད་རྩ་འཛུགས་པུའི་ལས་ཁུངས་ཀྱི་གཤམ་སྐྱོད་ཏང་ཡོན་ལས་བྱེད་པ་153གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྒྲིག་སྲོལ་ལམ་ལུགས་ཁག་ལ་སྣེ་ཁྲིད་ནས་སྲུང་བརྩི་དང་ལག་བསྟར་བྱས་ཏེ་དྲ་མིག་མ་ལག་འཛུགས་པ་དང་། སྤྱི་ཚོགས་ཐོག་གཙང་སེལ། ལོགས་བཀར་ཁུལ་དོ་དམ་ཚོད་འཛིན། ཕྱོགས་འགྲོའི་མི་འབོར་གྱི་ཞབས་ཞུ་སོགས་ལ་དམིགས་ནས་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་བྱེད་པ། འཐབ་ས་མདུན་མའི་འཕྲལ་སྡོམ་དངོས་ཟོག་འགན་ལེན་དང་། སྤྱི་པའི་ཁུལ་ཁོངས་དུག་སེལ། ཉིང་སྐྱུར་བརྟག་དཔྱད་སོགས་ཀྱི་ཞབས་ཞུའི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ། ཕྱོགས་ཁག་གི་སྟོབས་ཤུགས་བསྡུ་སྒྲིལ་བྱེད་པ། སྐོར་གཡེང་རུ་ཁག་དང་། འཕྲལ་རྒོལ་རུ་ཁག དྲིལ་བསྒྲགས་རུ་ཁག ལྟ་སྐྱོང་རུ་ཁག་བཅས་བཙུགས་ཏེ་རིམས་འགོག་ལས་དོན་སྤེལ་བ་རེད།
ལྗོངས་ཏང་ཨུད་རྩ་འཛུགས་པུས་སྐྱིད་གྲོང་རྫོང་དུ་གཤམ་གཏོང་བྱས་པའི་ཏང་ཡོན་ལས་བྱེད་པས་ཆུ་ཚོད་18དང་ལམ་ཐག་སྤྱི་ལེ་820བསྐྱོད་ནས་སྐྱིད་གྲོང་རྫོང་ལ་རོགས་སྐྱོར་བྱས་པ་དང་། དེ་གར་འབྱོར་རྗེས་འཕྲལ་དུ་གནས་སྐབས་ཏང་ཀྲི་པུའུ་1དང་ཏང་ཚོགས་ཆུང་4བཙུགས་པ་དང་ཆབས་ཅིག་འཚོ་བའི་འགན་ལེན་ཚོགས་ཆུང་དང་། དྲིལ་བསྒྲགས་དང་གནས་ཚུལ་སྤེལ་གཏོང་ཚོགས་ཆུང་། སྒྲིག་ཁྲིམས་ཞིབ་བཤེར་ཚོགས་ཆུང་བཅས་བཙུགས་ནས་དང་བླངས་ཞབས་ཞུའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་འཛུགས་ཀྱི་འགན་ལེན་བྱས་ཡོད་པ་རེད།
ཁྲེང་ཀོན་ཆུས་ཧྲེང་ཁྲེང་ལི་ཏུའུ་ཡོན་གྱི་དང་བླངས་ཞབས་ཞུ་རུ་ཁག་གིས་རང་འགུལ་ངང་ལས་དོན་བསྒྲུབས་ནས་ཁུལ་ཆུང་གི་མི་1000ལྷག་ཙམ་གོ་རིམ་ལྡན་པའི་ངང་ཉིང་སྐྱུར་བརྟག་དཔྱད་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ་ལས་ཕྱོད་ཆེ་རུ་བཏང་བ་དང་། གཤོངས་དགའ་སྡེ་ཁུལ་གྱི་དང་བླངས་ཞབས་ཞུ་རུ་ཁག་གིས་ཉིན་ལྟར་ཉིང་སྐྱུར་བརྟག་དཔྱད་སྦུ་གུ་800ལྷག་ཙམ་དང་མི་8000ལྷག་ཙམ་གྱི་བརྟག་དཔྱད་མ་དཔེ་སྐྱེལ་བའི་ལས་འགན་མུ་མཐུད་འཁུར་བཞིན་ཡོད་པ་རེད།