ཉིན་ཤས་བསྟུད་མར། ལྷོ་ཁ་གྲོང་ཁྱེར་གྱི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་སྟོན་བསྡུའི་ལས་དོན་མཉམ་དུ་བཀོད་སྒྲིག་དང་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། མིག་སྔར་སྟོན་བསྡུའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། སྔོན་དཔག་བྱས་ན་ཟླ་9པའི་ཟླ་མཇུག་དང་ཟླ་10པའི་ཟླ་སྟོད་དུ་ཕྱོགས་ཡོངས་ནས་མཇུག་འགྲིལ་རྒྱུ་དང་ཟླ་10པའི་ཟླ་སྟོད་དུ་སྟོན་འདེབས་ལས་དོན་གཅིག་རྗེས་གཉིས་མཐུད་ངང་སྤེལ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱིས་དུས་མཚམས་དབྱེ་ནས་སྟོན་བསྡུའི་ལས་དོན་ལ་དམ་འཛིན་བྱས་པ་དང་མཉམ་ལས་ཁང་དང་། གཞི་རིམ་ཏང་རྩ་འཛུགས། གཉིས་ལྡན་དུད་སྦྲེལ། དང་བླངས་པ། ལག་རྩལ་མི་སྣ་བཅས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བརྔ་བསྡུ་རུ་ཁག་དང་། འབྲུ་རིགས་སྐྱེལ་འདྲེན་རུ་ཁག གཟན་རྩྭ་བརྔ་བསྡུ་རུ་ཁག་སོགས་བཙུགས་ཏེ་འབྲུ་རྡོག་གཅིག་ཀྱང་མ་ལུས་པར་མཛོད་འཇུག་ཐུབ་པའི་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག གྲོང་ཁྱེར་དེས་རྗེས་སྙེག་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་དང་ཅུས་ཀྱི་འགན་འཁུར་བས་སྣེ་ཁྲིད་དེ་ཞིང་ནང་དང་མུ་ཁར་བསྐྱོད་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང“འབྲུ་རིགས་བརྔ་བསྡུ་དང་། འདེབས་འཛུགས། གཡོག་བྱེད་བཅས”ཀྱི་ལས་དོན་དོན་འཁྱོལ་བྱ་ཚུལ་གཅིག་གྱུར་འཆར་འགོད་བྱ་རྒྱུའི་སྐོར་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་། རྫོང(ཆུས)ཁག་གིས་ལས་བྱེད་པ་2ནས་3བར་གཞི་རིམ་དུ་སྟོན་བསྡུའི་ལས་ཀའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱེད་པར་མངགས་ཡོད། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱིས་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན(ཁེ་ལས)དང་འབྲེལ་མཐུད་བྱས་ནས་ཞིང་འཕྲུལ་ལ་སྣུམ་བླུགས་དཀའ་བ་དང་ཞིང་འཕྲུལ་ཉམས་བཟོ་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱས་ཏེ་དུད་ཚང་ཚང་མའི་འབྲུ་རིགས་འབྲུ་རྡོག་གཅིག་ཀྱང་མ་ལུས་པར་མཛོད་འཇུག་ཐུབ་པ་བྱས་ཡོད།