དབུ་ཤོག>ཆེད་སྒྲིག
  • ཡེ་ཤེས་བསྟན་འཛིན་ལཊ་ཀྱི་གནང་སྟངས་ལ་ང་ཚོས་སློབ་སྦྱོང་ཞུ་དགོས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-09-11

    ཁོང་མཐོ་རིམ་སློབ་འབྲིང་ཐོན་མ་ཐག་ཡིན་པ་དང་དབང་པོ་སྐྱོན་ཅན་ཞིག་རེད། ཉིན་ལྟར་ང་ཚོ་དང་མཉམ་དུ་སྔ་ཐོན་ཕྱི་ལོག་བྱས་ཀྱང་དཀའ་ལས་ཁག་པོ་འདུག་ཅེས་ཚིག་གཅིག་ཀྱང་རྗོད་མྱོང་མེད་ཅེས་ཡེ་ཤེས་བསྟན་འཛིན་གྱི་སྐོར་གླེང་སྐབས། ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་མཚོ་སྣ་གྲོང་རྡལ་མཚོ་སྣ་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་ཡེ་ཤེས་སྐལ་བཟང་གིས་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱས།

    ད་ཐེངས་ཀྱི་རིམས་འགོག་ལས་དོན་གྱི་དང་བླངས་པའི་དཔུང་ཁག་ཁྲོད“ཉིས་སྟོང་ལོའི་ནང་སྐྱེས”ཁག་གཅིག་གི་གཟུགས་བརྙན་མཐོང་རྒྱུ་ཡོད་པ་དང་། ད་ལོ་ལོ་19ལ་སླེབས་པའི་མཚོ་སྣ་རྫོང་གི་ཡེ་ཤེས་བསྟན་འཛིན་ནི་ཁོ་ཚོའི་གྲས་ཤིག་རེད།

    རིམས་ནད་ཐོན་རྗེས། སྡེ་ཁུལ་གྱིས་རིམས་འགོག་དང་བླངས་པ་བསྡུ་གི་ཡོད་པ་ཤེས་རྗེས། ཡེ་ཤེས་བསྟན་འཛིན་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མིང་ཐོ་བཀོད་པ་རེད།

    1.jpg

    སྐབས་དེ་དུས། སྡེ་ཁུལ་གྱི་འགན་ཁུར་བློ་མཐུན་གྱིས་ཁོ་རང་གི་གཟུགས་པོའི་གནས་ཚུལ་ལ་བསམ་གཞིག་བྱས་ནས་དང་བླངས་པ་བྱེད་པའི་རེ་བར་ཁས་བླངས་མེད་མོད། འོན་ཀྱང་ཡེ་ཤེས་བསྟན་འཛིན་གྱིས་བློས་གཏོང་མ་བྱས་པར་སྡེ་ཁུལ་གྱི་ཧྲུའུ་ཅི་འཚོལ་བར་བསྐྱོད་དེ། ང་ངེས་པར་དུ་དང་བླངས་པའི་དཔུང་ཁག་ལ་ཞུགས་མཁན་ཡིན་ཞེས་བརྗོད་ཅིང་། ཁོང་གིས“དུས་སྐབས་འདི་ནི་ངས་སྡེ་ཁུལ་དུ་ལས་ཀ་བྱེད་པ་དང་རིམས་འགོག་གི་ཆེད་དུ་རང་ནུས་འདོན་པའི་གོ་སྐབས་ཤིག་རེད། ཆུང་དུས་ཕ་མ་གཉིས་ཀྱིས་ཀྱང་ང་ལ་ཁྱོད་ནར་སོན་རྗེས་སྤྱི་ཚོགས་ལ་ཕན་ཐོགས་པའི་མི་ཞིག་བྱེད་དགོས་པའི་སློབ་གསོ་རྒྱག་གི་ཡོད། མ་གཞི་ང་རང་དབང་པོ་སྐྱོན་ཅན་ཞིག་ཡིན་རུང་། རང་ནུས་ཅི་ལྕོགས་ཀྱིས་བྱ་བ་སྒྲུབ་པར་སྟབས་མི་བདེ་བ་གང་ཡང་མི་འདུག་པས། མི་གཞན་གྱིས་སྒྲུབ་ཐུབ་པ་ངས་ཀྱང་སྒྲུབ་ཐུབ་པ་འདུག རིམས་འགོག་གི་ཆེད་དུ་ངས་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བརྗོད།

    སྡེ་ཁུལ་གྱི་འགན་འཁུར་བས་ཀྱང་ཁོང་གི་སྙིང་སྟོབས་ལ་ཁས་ལེན་དང་བསྔགས་བརྗོད་གང་ལེགས་བྱས་ཤིང་། མཐར་ཁོང་གི་རེ་བར་མོས་མཐུན་བྱས་པ་རེད།

    2.jpg

    ཡེ་ཤེས་བསྟན་འཛིན་ཉིན་ལྟར་ཞོགས་པ་ཆུ་ཚོད་བདུན་པ་ཙམ་ལ་མལ་ལས་ལངས་ནས། ཁྱིམ་དུད་རེ་རེ་བཞིན་དུ་ཆ་འཕྲིན་ལེབ་བཤེར་བྱེད་པར་འགྲོ་དགོས་པ་མ་ཟད། ལས་རོགས་དང་མཉམ་དུ་གྲོང་མིར་འཚོ་བའི་དངོས་ཟོག་སྐྱེལ་བར་འགྲོ་དགོས་པས། རྟག་ཏུ་ལས་ཀ་བྱས་ནས་མཚན་མོའི་ཆུ་ཚོད་༡༢བར་འགོར་གྱི་ཡོད། དེའི་དབང་གིས་མཚམས་རེ་དཀའ་ལས་ཁག་དྲགས་ནས་གོམ་པ་ཡང་བརྟན་པོ་སྤོ་ཐུབ་ཀྱི་མེད་སྟབས། ཁོང་གི་ནང་མིར་སེམས་ཁྲལ་ཆེན་པོ་བྱུང་ནས་ཁོང་ལ་ལུས་པོས་མ་ལྕོགས་ན་དབྱུགས་ཞོག་ཅེས་བརྗོད་ཀྱི་ཡོད། ཡིན་ནའང་། ཡེ་ཤེས་བསྟན་འཛིན་གྱིས་འཛུམ་དམུལ་དམུལ་ངང“ང་དང་བླངས་པ་བྱེད་ཐེངས་དང་པོ་ཡིན། དགོས་མཁོ་ཡོད་མཁན་ལ་རོགས་རམ་བྱེད་ཐུབ་ན་དཀའ་ལས་ཏོག་ཙམ་ཁག་ཀྱང་ལས་ཀ་འདིར་དོན་སྙིང་ཆེན་པོ་འདུག་བསམ་གྱི་འདུག་ལ་སེམས་པའང་སྐྱིད་པོ་འདུག”ཅེས་བརྗོད་ནས་ཉིན་གཉིས་པར་སྔར་བཞིན་སྔ་པོ་ནས་ལས་ཀ་བྱེད་སར་སྐྱོད་ཀྱི་ཡོད།

    གསར་འགོད་པས་ཡེ་ཤེས་བསྟན་འཛིན་ལ་ཁྱེད་རང་ལས་ཀ་འདི་ག་དུས་བར་བྱེད་རྩིས་ཡོད་པའི་སྐོར་སྐད་ཆ་འདྲི་སྐབས། ཁོང་གིས་སློབ་འགོ་དངོས་སུ་མ་ཚུགས་བར་སྡེ་ཁུལ་དུ་ད་དུང་དང་བླངས་པ་དགོས་ཚེ་ངས་མུ་མཐུད་ལས་ཀ་བྱེད་ཀྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།