● དམག་ཞབས་ཐིམ་པའི་དམག་མི་རྩིས་སྤྲོད་བཀོད་སྒྲིག་ལས་འགན་ཟླ་བཅུ་གཉིས་པའི་ཟླ་མཇུག་གོང་ལེགས་གྲུབ་ཟིན་པ་བྱེད་རྒྱུ།
● མངའ་རིས་ས་ཁུལ་དུ་ལུས་པའི་ཡུལ་སྐོར་བ་ཁ་བྲལ་བའི་ཆ་རྐྱེན་འཛོམས་རྗེས་གོ་རིམ་ལྡན་པའི་ངང་ཕྱིར་ལོག་ཆོག་པ།
ཚེས་8ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་སོ་གཅིག་པ་འཚོགས་ནས། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་དང་། རྒྱ་ཆེའི་དམག་ཞབས་ཐིམ་པའི་དམག་མིས་རིམས་འགོག་གི་འཐབ་ས་དང་པོར་དཀའ་སྤྱད་འབད་འཐབ་དང་། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་དོན་འཁྱོལ། མངའ་རིས་ས་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་སྲིད་གཞུང་གི་དྲུང་ཆེ་གཞོན་པ་བསྟན་འཛིན་ལྷུན་གྲུབ་ཀྱིས་ངོ་སྤྲོད་གནང་དོན། ཟླ་9ཚེས་7ཉིན་གྱི་ཆུ་ཚོད་0ནས་24བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་ནད་དཔེ་18(ལྷ་ས་གྲོང་ཁྱེར་ལ་ནད་དཔེ་11དང་། གཞིས་རྩེ་གྲོང་ཁྱེར་ལ་ནད་དཔེ་4 ཆབ་མདོ་གྲོང་ཁྱེར་ལ་ནད་དཔེ་2 ནག་ཆུ་གྲོང་ཁྱེར་ལ་ནད་དཔེ་1 )མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་388(ལྷ་ས་གྲོང་ཁྱེར་ལ་162དང་། གཞིས་རྩེ་གྲོང་ཁྱེར་ལ་127 ལྷོ་ཁ་གྲོང་ཁྱེར་ལ་13 ཆབ་མདོ་གྲོང་ཁྱེར་ལ་18 ནག་ཆུ་གྲོང་ཁྱེར་ལ་43 མངའ་རིས་ས་ཁུལ་ལ་25)མང་དུ་ཕྱིན་ཡོད་པ་རེད།
ཟླ་9ཚེས་8ཉིན་གྱི་ཆུ་ཚོད་0ནས་14བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་ནད་དཔེ་8(ལྷ་ས་གྲོང་ཁྱེར་ལ་ནད་དཔེ་4དང་ཆབ་མདོ་གྲོང་ཁྱེར་ལ་ནད་དཔེ་4) མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་127(ལྷ་ས་གྲོང་ཁྱེར་ལ་62དང་། གཞིས་རྩེ་གྲོང་ཁྱེར་ལ་34 ལྷོ་ཁ་གྲོང་ཁྱེར་ལ་6 ཆབ་མདོ་གྲོང་ཁྱེར་ལ་3 ནག་ཆུ་གྲོང་ཁྱེར་ལ་7 མངའ་རིས་ས་ཁུལ་ལ་15)མང་དུ་ཕྱིན་ཡོད་པ་རེད།
ཟླ་9ཚེས་7ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ཁྱོན་ཉེན་ཁ་ཆེ་བའི་ཁུལ་322དང་ཉེན་ཁ་འབྲིང་བའི་ཁུལ་257ཡོད་པ་རེད།
ཟླ་9ཚེས་7ཉིན་ཏོག་གསར་ནད་དུག་འགོས་པ་406མང་དུ་ཕྱིན་པ་དེ་དག་ཚང་མ་ནི་ལོགས་བཀར་དོ་དམ་ཚོད་འཛིན་ཁུལ་ནས་ཤེས་རྟོགས་བྱུང་བ་ཤ་སྟག་ཡིན་པ་རེད།
ཟླ་9ཚེས་7ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ནད་པ་1111དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་། ཐད་འབྲེལ་པ་42764ལ་གཅིག་སྡུད་ལོགས་བཀར་གྱི་ལྟ་ཞིབ་བྱེད་མཚམས་བཞག་པ་རེད། མིག་སྔར། མི་གྲངས་50571ལ་གཅིག་སྡུད་ལོགས་བཀར་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།
རང་སྐྱོང་ལྗོངས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་ཏང་ཙུའུ་ཡི་ཁོངས་མི་ཐིང་ཀྲང་གཞོན་པ་ཧོང་ཁྲའོ་ཡུན་གྱིས་ངོ་སྤྲོད་གནང་དོན། མིག་སྔའི་བར་ལྗོངས་ཡོངས་སུ་དམག་ཞབས་ཐིམ་པའི་དམག་མིའི་དང་བླངས་ཞབས་ཞུ་རུ་ཁག་330བཙུགས་པ་དང་། དམག་ཞབས་ཐིམ་པའི་དམག་མི་ཁྲི་1.2ལྷག་ཙམ་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པ་685ཡིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་དང་བླངས་ཞབས་འདེགས་ཞུས་ཏེ། ཚ་བཤེར་ཐོ་འགོད་དང་། ཁོར་ཡུག་དུག་སེལ། ལས་སྒྲུབ་ས་ཚིགས་སུ་ལས་རེས། སྒྲིག་ལམ་སྲུང་སྐྱོང་། དངོས་ཟོག་འགན་ལེན། རིམས་འགོག་དྲིལ་བསྒྲགས་སོགས་ཀྱི་དང་བླངས་ཞབས་ཞུ་སྣ་ཚོགས་ཐེངས་4500ལྷག་ཙམ་བསྒྲུབ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་པ་རེད།
འདི་ལོ་བོད་ཀྱི་དམག་ཞབས་ཐིམ་པའི་དམག་མི་རྩིས་སྤྲོད་བཀོད་སྒྲིག་དང་། དམག་ཞབས་ཐིམ་པའི་དམག་མིའི་དམག་ཞབས་ཐིམ་པའི་དངུལ་དང་འཆི་གོད་གྱོང་གསབ་དངུལ་སྤྲོད་པ། གཟིགས་སྐྱོང་ལག་ཁྱེར་སྤྲོད་པ་སོགས་ཀྱི་གནད་དོན་ཐད། ཧོང་ཁྲའོ་ཡུན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། དུས་འགོར་ལྗོངས་ཡོངས་ཀྱིས་སྲིད་གཞུང་གིས་ལས་གནས་བཀོད་སྒྲིག་གི་དམག་ཞབས་ཐིམ་པའི་དམག་མི་དང་ལས་སྒྱུར་དམག་དཔོན་བཀོད་སྒྲིག་ལས་དོན་གྱི་ཡིག་ཚགས་ལ་ཞིབ་བཤེར་གཏན་འབེབས་དང་། བཀོད་སྒྲིག་བྱ་ཡུལ་ཞིབ་བཤེར་གཏན་འཁེལ། ལས་གནས་བསྡུ་རུབ་སོགས་ཀྱི་ལས་དོན་ཁག་ལེགས་གྲུབ་ཟིན་ཡོད། རིམས་ནད་ཀྱི་གནས་ཚུལ་ལེགས་སུ་ཕྱིན་རྗེས་རང་སྐྱོང་ལྗོངས་ཀྱིས་འཕྲལ་མར་དམག་ཞབས་ཐིམ་པའི་དམག་མི་དང་བཀོད་སྒྲིག་བྱས་པའི་ལས་གནས་འབྲེལ་མཐུད་དང་མངགས་གཏོང་སོགས་ཀྱི་ལས་དོན་སྤེལ་ནས་འདི་ལོའི་ཟླ་12པའི་ཟླ་མཇུག་གོང་བཀོད་སྒྲིག་ལས་འགན་དུས་ཐོག་ཏུ་ལེགས་སྒྲུབ་ཐུབ་ངེས་རེད། གཞན་ཡང་རིམས་ནད་ཀྱི་གནས་ཚུལ་ལེགས་སུ་ཕྱིན་རྗེས་འཕྲལ་དུ་གོ་རིམ་ལྟར་དམག་ཞབས་ཐིམ་པའི་དངུལ་དང་འཆི་གོད་གྱོང་གསབ་དངུལ་ཞིབ་བཤེར་གཏན་འབེབས་བྱས་ནས་སྤྲོད་རྒྱུ་དང་། རིམས་ནད་མཇུག་འགྲིལ་རྗེས་ཡིག་ཚགས་དང་གཱ་བཟོས་མེད་པའི་གཟིགས་སྐྱོང་ལག་ཁྱེར་འདུན་ཞུ་བྱ་ཡུལ་གྱིས་འབྲེལ་ཡོད་ཡིག་ཆ་ཁྱེར་ནས་ཐེམ་ཐོ་གནས་སའི་རྫོང(ཆུས)གི་དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་ལྟེ་གནས་སུ་འབྲེལ་ཡོད་ཆ་འཕྲིན་མུ་མཐུད་བསྡུ་རུབ་བྱེད་ཆོག་གི་ཡོད་པ་རེད།
མངའ་རིས་ས་ཨུད་ཀྱི་ཨུ་ཡོན་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲེང་ཡུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་9ཚེས་7ཉིན་གྱི་ཆུ་ཚོད་16བར། མངའ་རིས་ས་ཁུལ་དུ་ཉེན་ཁ་ཆེ་བའི་ཁུལ་4དང་ཉེན་ཁ་འབྲིང་བའི་ཁུལ་3ཡོད་པ་རེད། ཟླ་8ཚེས་26ཉིན་མངའ་རིས་ས་ཁུལ་དུ་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་ཐུབ་རྗེས“ཁེ་ལས་གཅིག་ལ་སྲིད་ཇུས་གཅིག”ལག་ལེན་བསྟར་ནས་ཁེ་ལས་ལ་ལས་མི་བཀོལ་སྤྱོད་དང་། མ་དངུལ། ཟོག་འགྲེམས་འབྲེལ་མཐུད་སོགས་ཀྱི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ཏེ་གཙོ་གནད་རྣམ་གྲངས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་བཏང་བ་རེད། མིག་སྔའི་བར་ལོ་འགོར་གཏན་འཁེལ་བྱས་པའི་གཙོ་གནད་རྣམ་གྲངས་285ཡི་ཁྲོད་ཀྱི་རྣམ་གྲངས་52ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་པ་དང་། གཙོ་གནད་རྣམ་གྲངས་34གསར་སྣོན་བྱས་པའི་ཁྲོད་ནས་རྣམ་གྲངས་1ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་ཡོད་པ་རེད། མིག་སྔར་ས་ཁུལ་ཡོངས་ཀྱི་རྫོང་ཁག་གིས་བལ་དང་རྩིད་པ་འབྲེག་པའི་ལས་འགན་ལེགས་གྲུབ་ཟིན་པ་དང་། དེ་སྔའི་འཆར་གཞི་ལྟར་ཧབ་ཚོང་དང་བྲིན་ཚོང་ལས་དོན་དེ་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནས་འཆར་གཞི་ལྟར་ལེགས་སྒྲུབ་ཐུབ་མེད། དེས་ན་རིམས་ནད་ཀྱི་གནས་ཚུལ་ལ་གཞིགས་ནས་ལོགས་སུ་བཀོད་སྒྲིག་བྱས་ཏེ་མང་ཚོགས་ཀྱི་དཔལ་འབྱོར་ལ་གྱོང་གུན་མི་ཕོག་པ་བྱེད་རྒྱུ་རེད། མིག་སྔར་འཇགས་སྡོད་དོ་དམ་མེད་པ་བཟོས་པའི་རྩ་མདའ་དང་། རུ་ཐོག མཚོ་ཆེན། སྒེར་རྩེ། དགེ་རྒྱས་སོགས་རྫོང་5ཡིས་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་བཞིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་9ཚེས་7ཉིན་གྱི་ཆུ་ཚོད་12བར་མངའ་རིས་ས་ཁུལ་དུ་ལུས་པའི་ཡུལ་སྐོར་བ་207ཡོད་པའི་ནང་ལྗོངས་ཕྱིའི་ཡུལ་སྐོར་བ་134ཡོད་པ་རེད། མངའ་རིས་སུ་ལུས་པའི་ཡུལ་སྐོར་བ་མངའ་རིས་ནས་ཇི་ལྟར་བྲལ་བའི་ཐད། ཀྲེང་ཡུང་གིས་མིག་སྔར་ཉེན་ཁ་ཆུང་བའི་ས་ཁུལ་དུ་གནས་པ་མ་ཟད། “ཉིན་གསུམ་བཤེར་གཉིས”སྲིབས་གཤིས་ཡིན་པའི་དཔང་ཡིག་དང་བོད་ལྗོངས་ཤར་བགྲོད་ཐོག་ལྗང་རྟགས་མངོན་ཡོད་ན། རླངས་འཁོར་ལ་སྡོད་པའམ་ཡང་ན་གནམ་གྲུར་བསྡད་དེ་མངའ་རིས་ནས་ཁ་བྲལ་ཆོག དེའི་རིང་གནམ་ཐང་དང་སྐམ་སའི་ས་ཚིགས་སོགས་དམིགས་བཙུགས་ས་ཚིགས་སུ་ནད་འགོག་གཞི་རྐྱེན་བརྟག་དཔྱད་བྱེད་རྒྱུ་དང་། ལས་དོན་མི་སྣའི་མཛུབ་ཁྲིད་འོག་རང་འགུལ་ངང་ནད་འགོག་གཞི་རྐྱེན་བརྟག་དཔྱད་བྱེད་དགོས་པ་དང་བརྟག་དཔྱད་བྱས་འབྲས་སྲིབས་གཤིས་ཡིན་ན་མངའ་རིས་ནས་ཁ་བྲལ་ཆོག གལ་ཏེ་གདགས་གཤིས་མིན་ན་མི་སྒེར་གྱི་འགོག་སྲུང་ལེགས་པོ་བྱེད་དགོས་པ་མ་ཟད། རང་འགུལ་ངང་ས་གནས་དེ་གའི་བོད་ནས་བྲལ་བའི་འགྲིམ་འགྲུལ་ས་ཚིགས་ལ་སྙན་སེང་ཞུ་དགོས་པ་དང་། རིམས་འགོག་སྡེ་ཚན་གྱིས་བརྒྱུད་འདྲེན་བྱས་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས། ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབས་གཤིས་ཡིན་ཚེ་མངའ་རིས་ནས་ཁ་བྲལ་ན་འགྲིག་གི་ཡོད་པ་རེད། དོ་སྣང་བྱེད་དགོས་པ་ཞིག་ལ་ཐད་འབྲེལ་པ་དང་གཞན་བརྒྱུད་འབྲེལ་འདྲིས་ཡོད་མཁན། དེ་བཞིན་ཉེན་ཁ་ཆེ་བ་དང་འབྲིང་བའི་ས་ཁུལ་གྱི་མི་སྣས་འབྲེལ་ཡོད་ཉེན་ཁ་ལས་མ་གྲོལ་གོང་གནས་སྐབས་མངའ་རིས་ནས་ཁ་འབྲལ་རྒྱུ་ནར་འགྱངས་བྱེད་དགོས་ཞེས་བཤད་པ་རེད།