མིག་སྔར། ཉིང་ཁྲི་གྲོང་ཁྱེར་གྱི་ཉེན་ཁ་ཆེ་འབྲིང་ཁུལ་ཁོངས་ཚང་མ་རྒྱུན་གཏན་ལྟར་ཉེན་མེད་ཁུལ་ཆགས་ནས། སྐབས་བསྟུན་གཙང་བཟོའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། ཟླ་9ཚེས་8ཉིན་གྱི་ཉིན་དགུང་ཆུ་ཚོད་12ལ། ཉིང་ཁྲི་གྲོང་ཁྱེར་གྱིས་གནས་སྐབས་རང་བཞིན་གྱི་སྤྱི་ཚོགས་ངོས་ཀྱི་དོ་དམ་ཚོད་འཛིན་བྱེད་མཚམས་ཕྱོགས་ཡོངས་ནས་བཞག་སྟེ། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་འགོ་བཙུགས་པ་རེད།

དེ་ཉིན་ཟླ་བ་གཅིག་ཙམ་ཁྱིམ་སྡོད་བྱས་པའི་ཉིང་ཁྲི་བ་ཕལ་ཆེ་བའི་སེམས་སུ་དགའ་བས་ཁེངས་ཤིང་། སྐད་འཕྲིན་གྱི་གྲོགས་ཚོམ་ནང་དུའང་འཁྲུག་ཆ་དོད་དུ་ཕྱིན་ནས་གྲོང་མི་ཚོའི་འགོག་ཐབས་མེད་པའི་དགའ་སྤྲོའི་སེམས་པ་མཚོན་པར་བྱ་ཡུལ་ཞིག་ཏུ་གྱུར་པ་དང་། ལས་སླ་པོར་བྱུང་བ་ཞིག་མིན་པའི་རིམས་འགོག་གི་གྲུབ་འབྲས་འདི་ལྟ་བུ་ཐོབ་པར་ཚང་མ་དགའ་སྤྲོ་དཔག་མེད་བྱེད་ཀྱི་ཡོད།

གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་དེ་སྔའི་རྣམ་པ་རིམ་གྱིས་སླར་གསོ་ཐུབ་ནས་མི་མང་དུ་ཕྱིན་པ་དང་། མང་ཚོགས་མི་ཉུང་བ་ཞིག་སྒོ་རྩིས་ཚོང་ཁང་དང་ཚལ་ཁྲོམ་དུ་ཟས་རིགས་སོས་པ་ཉོ་བར་སླེབས་ཡོད།

གཞི་ནས་ཕྱིར་དོན་ཡ་རག་སོང་། སེམས་པ་ཧ་ཅང་སྐྱིད་པོ་འདུག་ཅེས་ཚེས་8ཉིན་གྱི་ཉིན་དགུང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་མགྲོན་བསུ་ལམ་ཆེན་གྱི་ཉིང་ཁྲིའི་སྤྱི་ཤག་ཁུལ་ཆུང་དུ་ཡོད་པའི་ཆོས་གཡང་གིས་སྡེ་བདག་གི་སྐད་འཕྲིན་ཚོགས་པའི་ནང་སྡེ་ལས་མི་སྣས་དེ་རིང་ཉིན་དགུང་ནས་བཟུང་ཉིང་ཁྲིར་ཕྱོགས་ཡོངས་ནས་བཀག་སྡོམ་གློད་པ་རེད་ཅེས་བསྐུར་བ་མཐོང་སྐབས་སེམས་འགུལ་ཆེན་པོ་ཐེབས་ཤིང་དེ་ལྟར་བཤད།

ཟླ་བ་གཅིག་ཙམ་ལས་སྒོ་གཉེར་མཚམས་བཞག་རྗེས། ཉིང་ཁྲི་གྲོང་ཁྱེར་བརྒྱད་གཅིག་ཁྲོམ་གཞུང་དུ་གནས་པའི་འདིར་གཟིགས་དང་ཞེས་པའི་སྐྲ་ཁང་དུ་ཡུན་རིང་སླེབས་མེད་པའི་སྐུ་མགྲོན་མང་པོ་སླེབས་པ་དང་། སྐྲ་མཁན་ཞའོ་ཀྲོའུ་ཡིས། སྐྲ་ཁང་སྒོ་ཕྱེ་རྗེས་ཉིན་ལྟར་སྐུ་མགྲོན་ཡོང་མཁན་འདུག འོན་ཀྱང་རིམས་ནད་མ་ཐོན་གོང་དང་བསྡུར་ན་སྐུ་མགྲོན་ཞེ་དྲག་ཉུང་བ་འདུག ལས་མི་ཚོས་རྒྱུན་གཏན་གྱི་ལས་བྲེལ་ཆེ་བའི་ལས་ཀའི་རྣམ་པ་སླར་གསོ་ཐུབ་རེ་བྱེད་ཀྱི་འདུག་ཅེས་བཤད།

སྒོ་རྩིས་ཚོང་ཁང་དུ་གྲོང་མི་ཚོས་ཐེར་གེ་རྦུད་རྒྱག་བཏང་ནས་མཁོ་ཆས་ཉོ་བ་དང་ཆབས་ཅིག ངོ་གདོང་ནས་བག་ཕེབས་སྤྲོ་སྣང་གི་རྣམ་འགྱུར་མངོན་གྱི་ཡོད་ཅིང་། ཅ་དངོས་ཉོ་བཞིན་པའི་གྲོང་མི་ཚེ་རིང་གིས། ང་དེ་སྔ་རྟག་པར་འདི་ནས་ཚལ་སོགས་མཁོ་ཆས་ཉོ་བར་ཡོང་གི་ཡོད། འདི་གའི་སྔོ་ཚལ་དང་ཤིང་ཏོག་ཚང་མ་སོས་པོ་འདུག རིམས་ནད་ཐོན་རིང་ཕྱི་ལ་བསྐྱོད་ནས་ཅ་དངོས་ཉོ་ཆོག་གི་མེད། ད་ཆ་རྒྱུན་གཏན་ལྟར་སླར་གསོ་ཐུབ་པས་མགྱོགས་པོ་རྒྱུན་སྤྱོད་མཁོ་ཆས་ཉོ་བར་ཡོང་བ་ཡིན་ཞེས་གསར་འགོད་པར་བཤད་བྱུང་།

ཉིན་བཅུ་ལྷག་ཙམ་དྲ་ཐོག་ནས་སློབ་སྦྱོང་བྱས་རྗེས། དེ་རིང་རྫ་ཡུལ་རྫོང་དང་མེ་ཏོག་རྫོང་གི་སློབ་མ་སློབ་གྲྭར་ལོག་ནས་སློབ་ཚན་འཚོག་འགོ་ཚུགས་པ་རེད། སློབ་མ་ཚོས་སློབ་གྲྭས་སྔོན་ནས་བཟོས་པའི་འཚང་གཡོལ་གྱི་བཀོད་སྒྲིག་ལྟར་ཁྱིམ་བདག་གི་རོགས་རམ་འོག་སློབ་གྲྭའི་སྒོ་འགྲམ་དུ་བསྒུགས་ཏེ་གཏན་འབེབས་ལྟར་ཁ་རས་བརྒྱབ་ནས་ཚ་བ་ལྟ་བ་དང་ཉིང་སྐྱུར་བརྟག་དཔྱད་བྱས་རྗེས། གོ་རིམ་ལྡན་པའི་ངང་སློབ་གྲྭར་འཛུལ་གྱི་ཡོད། མེ་ཏོག་རྫོང་ཆ་ཚང་སློབ་ཆུང་ལོ་རིམ་གསུམ་པའི་སློབ་མ་སྐལ་བཟང་སྒྲོལ་མས། གཞི་ནས་གྲོགས་པོ་ཆུང་ཆུང་ཚོ་དང་རྒན་ལགས་རྣམ་པ་ཐུག་སོང་། དེ་རིང་ཞོགས་པ་སློབ་གྲྭར་འགྲོ་དགོས་པ་ཤེས་རྗེས་སེམས་པ་ཧ་ཅང་སྐྱིད་པོ་བྱུང་ཞེས་བཤད།

མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གི་སློབ་སྤྱི་གཞོན་པ་སྐལ་བཟང་བདེ་སྐྱིད་ཀྱིས་ཕྲུ་གུ་ཚོའི་དགའ་སྤྲོའི་འཛུམ་མདངས་ལ་ལྟ་བཞིན་དུ། སློབ་གྲྭ་ཚུགས་ན་ཡག་པ་འདུག དགེ་རྒན་ཚོ་རྒྱུན་གཏན་ལྟར་ལས་ཀར་འགྲོ་ཆོག་ལ། ཉིན་ལྟར་སེམས་ནས་གཅེས་པའི་ཕྲུ་གུ་ཚོའང་མཐོང་ཐུབ་ཅེས་བཤད།