དབུ་ཤོག>ཆེད་སྒྲིག
  • “རིམས་ནད་མེད་པའི་ཁུལ་ཆུང”འཛུགས་གཏོད་ཀྱིས། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོང་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ལིའུ་ལིན་ལིན།   |     སྤེལ་དུས།  2022-09-08

    “རིམས་ནད་མེད་པའི་ཁུལ་ཆུང”ནི་གཟི་བརྗིད་མཚན་སྙན་ཙམ་མ་ཡིན་པར་དེས་སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ཐ་ན་རིམས་འགོག་དུས་བབ་ཧྲིལ་པོར་སྣང་ཆུང་བྱེད་མི་རུང་བའི་ནུས་པ་གལ་ཆེན་ཐོན་བཞིན་ཡོད། “རིམས་ནད་མེད་པའི་ཁུལ་ཆུང”འཛུགས་གཏོད་བྱ་རྒྱུ་དེའང་ལས་སླ་བའི་བྱ་བ་ཞིག་གཏན་ནས་མིན་པར་དུས་ཡུན་རིང་པོ་ཁུལ་ཆུང་དུ“གདགས་གཤིས་གཅིག་ཀྱང་མི་ཐོན་པ”རྒྱུན་འཁྱོངས་བྱེད་དགོས་པས། སྡེ་ཁུལ་གྱི་ཁོངས་མི་ཡོངས་ཀྱིས་ནུས་ཤུགས་ཡོད་རྒུས་མཉམ་ལས་བྱས་ཚེ་གཞི་ནས་མངོན་འགྱུར་བྱེད་ཐུབ།

    ལྷ་ས་གྲོང་ཁྱེར་གྱི་བྱང་ཤར་ཟུར་དུ་གནས་པའི་ཁྲེང་ཤིན་ཡོན་ཁུལ་ཆུང་དུ་ཁྱོན་གྲོང་མིའི་ཐོག་ཁང་སྟར་པ་8དང་ཚན་པ་18ཡོད་པ་དང་། དུད་ཚང་320ཡི་གྲོང་མི་900ལྷག་ཙམ་དེ་གར་སྡོད་ཀྱི་ཡོད།

    ཁྲེང་ཤིན་ཡོན་སྡེ་ལས་ཀྱི་འགན་འཁུར་བ་བདེ་གཡང་གིས“ཁུལ་ཆུང་སྒོ་འགྲམ་གྱི་ཞིབ་བཤེར་ས་ཚིགས་སུ་ཉིན་མཚན་དབྱེར་མེད་དུ་སྡོད་བྱ་བྱེད་མཁན་ཡོད་ལ། དེ་གར་སྡོད་མཁན་གྱི་ཐོབ་ཐང་ཞིབ་བཤེར་དང་། དུག་སེལ། ཉིང་སྐྱུར་བརྟག་དཔྱད་བྱེད་སའི་སྒྲིག་ལམ་སྲུང་སྐྱོང་བཅས་དུས་རྒྱུན་གྱི་རིམས་འགོག་ལས་དོན་དེ་དག་ཀྱང་ང་ཚོས་དོན་འཁྱོལ་ནན་པོ་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ང་ཚོས་ཁོར་ཡུག་གཙང་སྦྲ་བ་དང་འབྲེལ་གཏུག་བྱས་ནས་ཉིན་ལྟར་དུས་བཀག་བཞིན་གྲོང་མིའི་འཚོ་བའི་གད་སྙིགས་གཙང་སེལ་བྱེད་པ་དང་འབྲེལ་དུག་སེལ་ཡང་བྱེད་པ་དང་། སྨན་བཅོས་སྙིགས་རོ་བླུགས་སྣོད་ཉོས་ནས་སྤྱད་ཟིན་པའི་སྨན་བཅོས་སྙིགས་རོ་ཆེད་མངགས་བསྡུ་རུབ་བྱེད་པ་མ་ཟད་ཆེད་མི་དང་འབྲེལ་བ་བྱས་ནས་གཙང་སེལ་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།

    ཁུལ་ཆུང་གི་དོ་བདག་ཚོས་ཀྱང་རང་འགུལ་ངང་དང་བླངས་པའི་དཔུང་ཁག་བཙུགས་ནས་རིམས་འགོག་ལས་དོན་ནང་ཧུར་ཐག་ཞུགས་ཀྱི་ཡོད་ཅིང་། དེའི་ཁྲོད་ཀྱི་གྲས་ཤིག་ཡིན་པའི་རྒྱན་མཚན་ནོར་བུ་ནི་ནག་ཆུ་གྲོང་ཁྱེར་སྒྱུ་རྩལ་ཚོགས་པའི་ལས་དོན་པ་ཞིག་ཡིན་པ་དང་རིམས་ནད་ཐོན་སྐབས་ཁོང་གིས་ལྷ་སར་གཞུང་དོན་སྒྲུབ་བཞིན་ཡོད། སྡེ་ལས་ཚོགས་པའི་ནང་སྡེ་ལས་མི་སྣ་ཚོ་དཀའ་ལས་ཁག་པོ་ཡོད་པ་མཐོང་སྐབས་ཁོང་གིས་རང་ནུས་ལྕོགས་ཚོད་ཀྱིས་རོགས་པ་ཞིག་བྱེད་སྙམ།

    “དམིགས་བསལ་གྱི་དུས་སྐབས་འདིར་ཚང་མས་སེམས་ཁུར་བྱེད་ཀྱི་ཡོད་ལ་དེ་བས་ཀྱང་ང་ནི་ཏང་ཡོན་ཞིག་ཡིན་པས། རང་འགུལ་ངང་འགན་འཁྲི་ཁུར་ནས་ཐོག་མའི་བསམ་འདུན་སྒྲུབ་དགོས་ངེས་རེད”ཅེས་སྙམ་བཞིན་རྒྱལ་མཚན་ནོར་བུས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་དང་བླངས་པའི་དཔུང་ཁག་ནང་ཞུགས།

    ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ཀྱི་འཐབ་ས་དང་པོར་ཡོད་པའི་ལས་བྱེད་པ་ཁྲེན་ཅིང་ཅིང་གིས“ཚང་མས་ཕྱར་བ་གྲུ་འདེགས་བྱས་པ་བརྒྱུད་ང་ཚོར‘རིམས་ནད་མེད་པའི་ཁུལ་ཆུང’གི་མཚན་སྙན་ཐོབ་བྱུང་། སླད་ཕྱིན་ང་ཚོས་ད་དུང་གནས་ཚུལ་ཆུང་ཙག་ལ་དམ་འཛིན་གྱིས་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་རིམས་འགོག་བྱ་ཐབས་ཁག་དོན་འཁྱོལ་ཏན་ཏིག་དང་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་ཁུལ་ཆུང་དོ་བདག་གི་དགོས་མཁོ་སྐོང་གང་ཐུབ་བྱ་རྒྱུ་ཡིན་ལ།‘རིམས་ནད་མེད་པའི་ཁུལ་ཆུང’གི་མཚན་སྙན་ཡང་མི་ཤོར་བ་བྱ་རྒྱུ་ཡིན”ཞེས་བཤད།

    པེ་ཅིང་ནུབ་ལམ་དུ་གནས་པའི་ཁང་ཉིང་ཁུལ་ཆུང་དུ་ཁྱོན་དུད་ཚང་209དང་མི་716ཡོད། རིམས་ནད་ཐོན་རྗེས་ཁུལ་ཆུང་གི་དོ་བདག་ཨུ་ལྷན་གྱིས་རིམས་འགོག་དམག་འཐབ་ཀྱི་འཆར་གཞི་བསྐྱར་དུ་བཟོས་ནས་ཁུལ་ཆུང་གི་རིམས་འགོག་གི“ཁྱིམ་འཛིན་པ་གཉིས་པ”བྱས་ཏེ་ཁུལ་ཆུང་གི་གྲོང་མི་ཡོངས་ཀྱི་གཞི་རྩའི་གནས་ཚུལ་དང་དེ་བཞིན་སྐབས་བསྟུན་འགྱུར་ལྡོག་མཐིལ་རྟོགས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་ཡོད། མིག་སྔའི་བར་ཁུལ་ཆུང་གི་མི་གཅིག་ལའང་རིམས་ནད་འགོས་མེད།

    “རིམས་ནད་མེད་པའི་ཁུལ་ཆུང”འཛུགས་གཏོད་བྱེད་པར་གྲོང་མི་མང་ཚོགས་ཀྱིས་འབུལ་དགོས་པའི་ལེགས་སྐྱེས་ཆེ་ཤོས་ནི་ཕྱིར་མི་དོན་པར་ཁྱིམ་དུ་སྡོད་རྒྱུ་དེ་རེད། དེས་ན་ཁྱིམ་དུ་སྡོད་རིང་གི་འཚོ་བའི་མཁོ་ཆས་དག་གྲབས་གསོག་ལེགས་པར་བྱེད་དགོས།

    ཁུལ་ཆུང་གི་གྲོང་མིའི་དགོས་མཁོ་སྣ་ཚོགས་སྐོང་ཆེད། དབྱངས་ཅན་གྱིས་ད་དུང་ཉེ་འགྲམ་གྱི་སྒོ་རྩིས་ཚོང་ཁང་དང་གྲོས་མཐུན་བཞག་པས་མཁོ་ཆས་སྒོ་རྩར་སྐྱེལ་བར་ཡོང་གི་ཡོད། “དོ་བདག་ཚོས་ཅ་དངོས་ཉོ་སྐབས་སྟར་པ་གང་དང་སྒོ་རྟགས་ག་ཚོད་ཡིན་མིན་དང་། དོ་བདག་གི་མིང་། འབྲེལ་གཏུག་ཁ་པར་བཅས་གསལ་པོ་བྲིས་ནས་ཅ་དངོས་དག་གནད་སྨིན་ངང་ཁྱིམ་དུ་སྐྱེལ་ཐུབ་པ་བྱེད་ཀྱི་ཡོད”དབྱངས་ཅན་གྱིས་དོ་བདག་གི་སྐད་འཕྲིན་ཚོགས་པའི་ནང་ཅ་དངོས་ལེན་པར་ཡོང་རྒྱུའི་བརྡ་ཐོ་བཏང་སྟེ་དུད་ཚང་རེར་མངགས་ཐོ་རེའི་ཐོག་ནས་ཅ་དངོས་བདེ་བླག་ངང་སྐྱེལ་ཐུབ་པར་བྱེད་ཀྱི་ཡོད།

    དབྱངས་ཅན་གྱིས“ང་ད་ལོ་ལོ་དྲུག་ཅུར་སླེབས་སོང་། རྗེས་མར་ད་དུང་ལེགས་སྐྱེས་འབུལ་བའི་གོ་སྐབས་ཡོད་མེད་མི་ཤེས། དེ་བས་ཀྱང་ང་ཚོ་ཚང་མ་ཏང་ཡོན་ཡིན་པས་ང་ཚོའི་ཁུལ་ཆུང་གི་རིམས་འགོག་ལས་དོན་ཡག་པོ་སྒྲུབ་འདོད་ཡོད། གལ་ཏེ་ཁུལ་ཆུང་ཡོངས་བདེ་འཇགས་བྱུང་ཚེ་ང་ཚོས་བློས་གཏོང་བྱས་པ་ཚང་མ་བྱེད་རིན་ཡོད་པ་ཞིག་རེད”ཅེས་བཤད།

    ཁུལ་ཆུང་གི་དོ་བདག་ཚོས་དོ་བདག་ཨུ་ལྷན་ལ་གཞོགས་འདེགས་བྱས་པ་ཙམ་མིན་པར་ད་དུང་རིན་བྲལ་གྱི་དྲོ་སྐྱིད་སྦྱིན་ཡོད་ཅིང་། དོ་བདག་ཨུ་ལྷན་གྱི་ལས་དོན་པ་ཚོ་ཉིན་གང་ལས་བྲེལ་ཀྱིས་རྐྱེན་པས་ལྟོ་ཆས་ཀྱང་ཟ་ཁོམ་མེད་སྐབས་སུ་ཁོང་ཚོས་ཚ་སོབ་སོབ་ཀྱི་མོག་མོག་དང་བག་ལེབ་སྐྱེལ་གྱི་ཡོད་ལ། དོ་བདག་ཚོགས་པའི་ནང་རེ་ཞུ་གང་ཡོད་འབྱོར་བ་མཐོང་འཕྲལ་རང་ཁྱིམ་དུ་དེ་ཙམ་མང་པོ་མེད་པའི་རིམས་འགོག་དངོས་རྫས་སྐྱེལ་བར་འགྲོ་གི་ཡོད།

    རིམས་ནད་ལ་སྙིང་རྗེ་མེད་ཀྱང་མི་ཡུལ་དུ་བརྩེ་བས་ཁེངས། ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། ཕན་ཚུན་རོགས་རེས། ཡིད་ཆེས་བརྟན་པོ་བཅས་བྱས་ཚེ་ཆར་རླུང་རྗེས་ཀྱི་མཚར་སྡུག་བཀྲ་བའི་འཇའ་ཚོན་མཐོང་ངེས་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།