མིག་སྔར་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་། རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་འགག་རྩའི་དུས་སུ་སླེབས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། མྱུར་ཚད་མགྱོགས་ཤོས་དང་། དུས་ཚོད་ཐུང་ཤོས། རིན་དོད་ཆུང་ཤོས་བཅས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་དང་། འགག་སྒྲོལ་དམག་འཐབ། ཚར་གཅོད་དམག་འཐབ་བཅས་ལ་རྒྱལ་ཁ་བླང་ཆེད། ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཛ་དྲག་གི་བརྡ་ཐོ་བཏང་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྡེ་ཁུལ་དུ་འབྱོར་ཐོ་འགོད་པ་དང་ཞབས་འདེགས་ཞུ་བར་མུ་མཐུད་སྐུལ་སློང་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཧུར་ཐག་ཞུགས་དགོས་པའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད།
བརྡ་ཐོའི་ནང་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སོགས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་འགན་དཀའ་ཚེགས་ཆེ་ལ་རྙོག་འཛིང་ཆེ་བའི་ས་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས། འབོད་སྐུལ་དང་བཀོད་འདོམས་དང་ལེན་ཧུར་ཐག་ཞུས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཚར་གཅོད་དམག་འཐབ་ལ་རྒྱལ་ཁ་འཐོབ་པར་བྱེད་པ་ནི་མིག་སྔའི་དགོས་གཏུག་ཆེ་ཤོས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་རྩི་བ་དང་། རིམས་འགོག་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་བ་མཐའ་འཁྱོངས། བློ་ཁོག་ཆེན་པོས་གདོང་མཆོང་། ཐོབ་ཐང་གསལ་སྟོན་དང་མདུན་དུ་སྐྱོད་པ་བཅས་བྱས་ནས། ཐག་ཉེ་སའི་གྲོང་ཚོའམ་སྡེ་ཁུལ་དང་དྲ་མིག་ཏུ་འབྱོར་ཐོ་འགོད་དགོས། རང་རྟོགས་ངང་གཞི་རིམ་ཏང་རྩ་འཛུགས་ཀྱི་གཅིག་གྱུར་བཀོད་འདོམས་ལ་བརྩི་བཀུར་ཞུས་ཏེ། ཉིང་སྐྱུར་བརྟག་དཔྱད་དང་། མི་སྣར་རིམས་ནད་རིག་པའི་བརྟག་དཔྱད། ཆ་འཕྲིན་བསྡོམས་རྩིས། དངོས་རྫས་སྡེབ་སྐྱེལ། ཁོར་ཡུག་ལ་དུག་སེལ། གད་སྙིགས་གཙང་བཟོ། ལས་རེས་ལས་སྒྲུབ་སོགས་ཀྱི་ལས་དོན་ལ་ཧུར་ཐག་ཞུགས་ནས། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་སྨི་བརྒྱ”ཤར་གཏོང་ཐུབ་པ་དང་། ཁ་ཚ་དགོས་གཏུག་དང་། དཀའ་ངལ་ཆེ་བ། ཉེན་ཁ་ཆེ་བ། ལས་འགན་ལྕི་བ་བཅས་ཀྱི་ཁྲོད་དུ་མིག་དཔེ་འདོན་པ་དང་གདོང་ལེན་པ་བྱས་ནས། ང་ནི་ཏང་ཡོན་ཡིན་པས་ངས་མདུན་ལ་སྐྱོད་ཀྱི་ཡིན་དང་མང་ཚོགས་ལ་མཁོ་དུས་ངས་ཞབས་འདེགས་ཞུ་གི་ཡིན་ཞེས་པ་ཏང་ཡོན་ལས་བྱེད་པའི་འགྱུར་མེད་ཀྱི་དད་སེམས་དང་བློ་ཐག་ཆོད་པའི་བྱ་སྤྱོད་དུ་གྱུར་ནས་མང་ཚོགས་བློ་བདེ་པོ་ཡོང་བར་བྱེད་དགོས།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱུང་བའི་ས་གནས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དམངས་འཚོ་འགན་ལེན། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་འབྲེལ་བར་སྤྱི་འདོམས་ཡག་པོ་བྱས་ནས། འགན་ནུས་དང་འགན་འཁྲིར་གཞི་ཚུགས་ཏེ། རང་ངོས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་ལས་དོན་ཁག་ཡག་པོ་ཏན་ཏིག་སྒྲུབ་དགོས། ཕྱོགས་གཅིག་ནས་མུ་མཐུད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ལྟར། གཙོ་གནད་མི་ཚོགས་དང་། གཙོ་གནད་ཁུལ། ས་ཁོངས་གཙོ་བོ་བཅས་ཀྱི་དོ་དམ་ཚོད་འཛིན་ནུས་ལྡན་ལ་དམ་འཛིན་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ལ་གཞོགས་འདེགས་བྱས་ནས་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་ཐོག་ཏུ་གནད་སྨིན་འཁྱོལ་བར་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་དམ་འཛིན་ནན་པོ་བྱས་ཏེ། ཚོད་སྐོར་སྒྲིག་འཛུགས་དང་ཆ་རྐྱེན་ཧུར་ཐག་བཏོད་ནས་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་བྱེད་དགོས། སྟོན་བསྡུའི་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་དགོས་པ་དང་མང་ཚོགས་ལ“སྟོན་གསུམ”ལས་དོན་ཡག་པོ་སྒྲུབ་རོགས་ཧུར་ཐག་བྱས་ནས། དཔལ་འབྱོར་འཕེལ་རྒྱས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཕྱོགས་གཉིས་ཀར་དམ་འཛིན་དང་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། ལོགས་དགར་འཇོག་མཚམས་བཞག་པའི་ཏང་ཡོན་ལས་བྱེད་པས་དཀའ་ངལ་ཁྱད་བསད་དང་། བསམ་བློའི་ཁུར་པོ་འདོར་བ། ཆ་རྐྱེན་ལ་མི་ལྟ་བ། རང་འཁྲིའི་ལས་ལ་གཞོལ་བ། འགན་འཁྲི་འཁུར་ཕོད་པ། རང་འགུལ་ངང་ལས་དོན་སྒྲུབ་པ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་འཕེལ་རྒྱས་བརྟན་ལྷིང་གི་ལས་དོན་ཁག་ལ་ཧུར་ཐག་ཞུགས་པ་དང་། དཔེ་བཟང་གི་གཏམ་སྤྱོད་ལ་བརྟེན་ནས་རྒྱ་ཆེའི་མང་ཚོགས་ལ་ཤུགས་རྐྱེན་ཐེབས་པ་དང་སྐུལ་ཁྲིད་བྱེད་པ་དང་། ལོགས་དགར་འཇོག་རིང་འཐུས་ཤོར་བའི་ལས་དོན་དུས་ཡུན་ཐུང་ཤོས་ནང་གསབ་ཐུབ་པ་བྱས་ནས་གྱོང་གུན་ཕོག་ཚད་དམའ་ཤོས་སུ་གཏོང་དགོས།
བརྡ་ཐོའི་ནང་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྐུལ་སློང་ཐུབ་པའི་སྟོབས་ཤུགས་མཐའ་དག་སྐུལ་སློང་བྱས་ནས་རིམས་འགོག་གི་ལས་དོན་ལ་ཞུགས་པ་དང་། གཞི་རིམ་གྱི་འཐབ་ས་དང་པོའི་སྔོན་འགོག་དང་ཚོད་འཛིན་གྱི་སྟོབས་ཤུགས་དུས་ཐོག་ཏུ་འཐུས་སྒོ་ཚང་དུ་བཏང་སྟེ། ལོགས་དགར་འཇོག་མཚམས་བཞག་པའི་ཏང་ཡོན་ལས་བྱེད་པར་མཐོང་ཆུང་མི་བྱེད་པར། ཁོ་ཚོར་ནུས་པ་འདོན་པའི་ལས་སྟེགས་ཧུར་ཐག་སྐྲུན་དགོས། རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་རྗེས་འདེད་ཤེས་རྟོགས་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་ཡོན་ལས་བྱེད་པ་མི་རེ་ངོ་རེའི་དངོས་ཡོད་གནས་ཚུལ་གྱི་འགུལ་རྣམ་ལ་སྟངས་འཛིན་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་ཏང་ཡོན་ལས་བྱེད་པར་རྟོག་ཞིབ་དབྱེ་འབྱེད་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་བརྒྱུད་རིམ་དུ་དཀའ་ངལ་ལ་མི་སྐྲག་པ་དང་། འགན་འཁྲི་འཁུར་ཕོད་པ། ལེགས་སྐྱེས་འབུལ་སྤྲོ་བ། ལས་ཀའི་གྲུབ་འབྲས་གཟེངས་སུ་ཐོན་པ་བཅས་ཀྱི་རིགས་ལ་གཟེངས་བསྟོད་དང་བྱ་དགའ་ཆེན་པོ་སྤྲོད་པ་དང་། ཆ་རྐྱེན་འཛོམས་རིགས་བློ་ཁོག་ཆེན་པོས་གནས་སྤར་བཀོལ་སྤྱོད་བྱེད་དགོས་པ་དང་། ཏང་རྩ་འཛུགས་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་མི་བྱེད་པ་དང་། གཅིག་གྱུར་གྱི་བཀོད་འདོམས་དང་ལེན་མི་བྱེད་པ། འགན་འཁྲི་འཁུར་མི་ཕོད་པ། སྤྱོད་ཚུལ་ཡག་པོ་མེད་པ། བྱ་སྤྱོད་སྤེལ་འགོར་བ། དོན་འཁྱོལ་ཡག་པོ་མ་བྱུང་བ་བཅས་ཀྱི་དབང་གིས་ཤུགས་རྐྱེན་ངན་པ་བཟོས་རིགས་ལ་འགན་འཁྲི་བདའ་འདེད་དང་རྩད་གཅོད་ནན་པོ་བྱེད་དགོས།