མིག་སྔ་ནི་ལོ་ལེགས་ཀྱི་དུས་ཚིགས་ཡིན་པས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང“སྟོན་གསུམ”ལས་དོན་གྱི་ཚོད་བགམ་ཉིས་བརྩེགས་ལ་དམིགས་ཏེ། རང་ལྗོངས་ཀྱི་ས་གནས་ཁག་གིས་ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་ཞིང་ལས་ལ་དམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་རིམས་འགོག་དང་སྟོན་བསྡུའི་ལས་དོན་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་ནས། རིམས་འགོག་གི་ལས་གནས་སྟོང་པར་མི་ལུས་པ་དང་སྟོན་བསྡུ་འཐུས་ཤོར་མི་ཡོང་བ་བྱས་པ་རེད།
རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་སྟོན་བསྡུའི་ཐོན་སྐྱེད་ལས་དོན་སྤྱི་འདོམས་ངང་ཡག་པོ་སྒྲུབ་ཆེད། ལྷོ་ཁ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གིས་གཞི་རིམ་ཏང་རྩ་འཛུགས་དང་། ཞིང་འབྲོག་པའི་མཉམ་ལས་ཁང་། དུད་སྦྲེལ་ཚན་པ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་པ། ཞིང་ལས་ལག་རྩལ་མི་སྣ་སོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འཕྲལ་སྒྲུབ་སྟོན་བསྡུའི་རུ་ཁག་དང་། འབྲུ་རིགས་སྐྱེལ་འདྲེན་རུ་ཁག གཟན་རྩྭ་བརྔ་བསྡུ་རུ་ཁག ཕྱུགས་ཟོག་དོ་དམ་རུ་ཁག་སོགས་བཙུགས་ཏེ། ཐོན་སྐྱེད་བརྒྱུད་རིམ་ཁྲོད་རིམས་འགོག་བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་བྱས་ནས། ཕྱུགས་ཟོག་གསོ་མཁན་ཆེད་བསྐོས་མི་སྣ་ཡོད་པ་དང་། ནས་དང་། གྲོ། པད་ཁ། གཟན་རྩྭ་སོགས་ཀྱི་ལོ་ཏོག་སྨིན་མ་ཐག་བརྔ་བསྡུ་ཐུབ་པའི་འགན་ལེན་བྱས་པ་རེད།
ཟླ་8ཚེས་26ཉིན་བར། ལྷོ་ཁ་གྲོང་ཁྱེར་གྱིས་སྟོན་བསྡུའི་རྒྱ་ཁྱོན་མུའུ་ཁྲི་24.9ལེགས་སྒྲུབ་བྱས་པ་དེས་གྲོང་ཁྱེར་ཡོངས་ཀྱི་འཆར་གཞི་སྤྱིའི་རྒྱ་ཁྱོན་གྱི་52.31%བཟུང་ཡོད། དེའི་ནང་འབྲུ་རིགས་སྐྱེ་དངོས་མུའུ་ཁྲི་21.82ལེགས་སྒྲུབ་བྱས་པ་དེས་འཆར་གཞིའི་57.72%བཟུང་བ་དང་། དཔལ་འབྱོར་ལོ་ཏོག་མུའུ་ཁྲི་2.49ལེགས་སྒྲུབ་བྱས་པ་དེས་འཆར་གཞིའི་37.16%བཟུང་བ། གཟན་རྩྭ་མུའུ་ཁྲི་0.59ལེགས་སྒྲུབ་བྱས་པ་དེས་འཆར་གཞིའི་19.03%བཟུང་ནས་སྔོན་དཔག་བྱས་ན་གྲོང་ཁྱེར་ཡོངས་ཀྱི་སྟོན་བསྡུའི་ལས་དོན་ཟླ་10པའི་ཟླ་འགོར་ཕྱོགས་ཡོངས་ནས་མཇུག་འགྲིལ་རྒྱུ་ཡིན་པ་རེད།
ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པ་དང་དུས་མཚུངས། གོ་རིམ་ལྡན་པའི་ངང་ཞིང་ཁུལ་གྱི་སྟོན་བསྡུའི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད། མིག་སྔའི་བར། སྙེ་མོ་རྫོང་ཡོངས་སུ་རིམ་རྩིས་བྱས་ན་སྟོན་བསྡུའི་ལས་དོན་མུའུ་3248ལེགས་སྒྲུབ་བྱས་པ་དང་། ཟླ་8ཚེས་30ཉིན་ཁོ་ནར་རྫོང་དེས་སྟོན་བསྡུའི་ལས་དོན་མུའུ་1175ལེགས་སྒྲུབ་བྱས་པའི་ནང་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་གྱིས་མུའུ་135བརྔ་བསྡུ་བྱས་པ་དང་མི་ཐབས་ལ་བརྟེན་ནས་མུའུ་1040བརྔ་བསྡུ་བྱས་པ་རེད།
རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བྱེད་པ་དང་དུས་མཚུངས། གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བར་ཐང་ཤང་གིས་སྟོན་བསྡུའི་ལས་དོན་ཁག་བརྟན་པོའི་ངང་སྤེལ་ནས་ཞིང་ལས་འཐུས་ཤོར་མི་འགྲོ་བ་དང་འབྲུ་རྡོག་གཅིག་ཀྱང་མ་ལུས་པར་མཛོད་དུ་འཇུག་ཐུབ་པ་བྱས་ཡོད། ཤང་དེས་ད་དུང་སྟོན་བསྡུའི་ཐད་མཁོ་བའི་སྣུམ་དང་སོལ་རླངས་ཉོ་སྒྲུབ་ཞབས་ཞུ་རུ་ཁག་དང་། ཞིང་འཕྲུལ་ཉམས་བཟོ་ཆེད་ལས་ལག་རྩལ་ཞབས་ཞུ་རུ་ཁག སྟོན་བསྡུའི་རིམས་འགོག་འགན་ལེན་ཞབས་ཞུ་རུ་ཁག བཟའ་སྡོད་འགན་ལེན་ཞབས་ཞུ་རུ་ཁག་བཅས་དུས་ཐོག་ཏུ་བཙུགས་ནས། ཤང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཁག་གི་སྟོན་བསྡུའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།
ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གི་སྟོན་བསྡུའི་ལས་དོན་འཆར་གཞི་ལྟར་བརྟན་པོའི་ངང་སྤེལ་ཞིང་། རྫོང་དེས་ཏང་ཡོན་ལས་བྱེད་ལས་བཟོ་དང་། “གསར་གཉིས”རྩ་འཛུགས་མི་སྣ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་པ། ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མའི་དང་བླངས་པ་བཅས་ཁྱོན་མི་100སྐུལ་སློང་གང་ལེགས་བྱས་ཏེ། རྫོང་རིམ་པའི“ཏང་ཡོན་གྱི་སྟོན་བསྡུའི་འཕྲལ་རྒོལ་རུ་ཁག”བཙུགས་པ་དང་། ཤང་དང་གྲོང་རྡལ་གྱི་ཏང་ཡོན་ལས་བྱེད་པ་220སྐུལ་སློང་བྱས་ནས་ཤང་རིམ་པའི“ཏང་ཡོན་གྱི་སྟོན་བསྡུའི་འཕྲལ་རྒོལ་རུ་ཁག”བཙུགས་པ། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་། དུད་སྤྱི། ཞིང་འབྲོག་པའི་ཏང་ཡོན། ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ་བཅས་ཁྱོན་1996སྐུལ་སློང་བྱས་ཏེ་གྲོང་ཚོ་རིམ་པའི“ཚབ་བསྡུའི་ཞབས་ཞུ་རུ་ཁག”བཙུགས་ནས། ཡུལ་གཞན་དུ་ལུས་ཏེ་ཕ་ཡུལ་དུ་ལོག་མ་ཐུབ་པ་དང་། ངལ་རྩོལ་ནུས་ཤུགས་མི་འདང་བའི་ཁྱིམ་ཚང་། དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་། མི་ཧྲེང་རྒན་རྒོན་སོགས་ཚོགས་སྤྱིར་ཞིང་ལས་ལོ་ཏོག་བརྔ་བསྡུ་བྱེད་རོགས་བྱས་པ་རེད།
མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་སྟོན་བསྡུའི་ལས་དོན་ཡང་ཟླ་9ཚེས་3ཉིན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། འདི་ལོའི་ནས་བརྔ་བསྡུའི་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱ་ཆེད། སྤུ་ཧྲེང་རྫོང་གིས་གོ་རིམ་ལྡན་ལ། དུས་མཚམས་དབྱེ་ནས་ཞིང་ནང་དུ་སྐྱོད་པ་དང་། ཁ་ཐོར་ངང་ཞིང་ལས་བྱེད་པ། གཅིག་སྡུད་མི་བྱེད་པ་བཅས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ལྟར། དུད་ཚང་ཚང་མས་ལུགས་མཐུན་ངང་མི་སྣ་བཀོད་སྒྲིག་བྱས་ཏེ་ནས་བརྔ་བསྡུ་བྱེད་པའི་འགག་རྩའི་དུས་ཚིགས་དམ་འཛིན་བྱེད་བཞིན་ཡོད་པ་རེད།