ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བོད་ཀྱི་ལས་དོན་ཚོགས་ཆུང་གི་ཞིབ་ཕྲའི་མཛུབ་ཁྲིད་འོག ཚེས་4ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་ཉེན་ཁ་ཆེ་བའི་ཁུལ་དང་དམངས་འཚོའི་དངོས་རྫས་འགན་ལེན་ས་ཚིགས་སུ་ལྟ་སྐུལ་མཛུབ་ཁྲིད་གནང་བར་ཕེབས་པ་མ་ཟད། འཐབ་ས་དང་པོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་པ་དང་། མཁོ་སྤྲོད་འགན་ལེན་མི་སྣ། མི་རིགས་ཁག་གི་མང་ཚོགས་བཅས་ལ་སྐུལ་ལྕག་ཀྱང་གནང་བ་རེད།
བདེ་སྐྱིད་སྡེ་ཁུལ་བྱང་འདབས་ཀྱི་སྤྱི་པའི་བོགས་གཏོང་ཁང་པར་ཡན་ཅིན་ཧའེ་ཡིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་དང་མང་ཚོགས་ཀྱི་འཚོ་བ་འགན་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། “ཕྱིར་སྐྱོད་མི་དགོས་པར་སྒོ་རྩར་ཞབས་འདེགས་ཞུ་བའི”བླང་བྱ་གཞིར་བཟུང་ཐབས་བརྒྱ་ཇུས་སྟོང་གིས་རྒྱུན་གཏན་གྱི་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་མི་འགོ་བ་སྔོན་འགོག་ནུས་ལྡན་བྱེད་དགོས། ཆེད་མི་མངགས་ནས་སྡོད་སའི་ཁོར་ཡུག་དང་སྤྱི་པའི་གསང་སྤྱོད་ལ་ཉིན་ལྟར་དུག་སེལ་བྱེད་པ་དང་། ལྷག་པར་དུ་སྤྱི་པའི་གསང་སྤྱོད་ལ“ཉིན་རེར་དུག་སེལ་རེ”ཐུབ་པར་བྱེད་དགོས་པ་དང་། འཚོ་བའི་གད་སྙིགས་དང་སྨན་བཅོས་ཀྱི་སྙིགས་རོ་དུས་ཐོག་ཏུ་གཙང་སེལ་དང་དབོར་ནས་ཉིན་རེའི་གད་སྙིགས་ཉིན་རེར་གཙང་སེལ་ཐུབ་པར་བྱེད་དགོས་པ། རྒན་རྒོན་དང་། ཕྲུ་གུ སྦྲུམ་མ། ནད་གཞི་ལྕི་རིགས་སོགས་དམིགས་བསལ་ཚོགས་སྤྱིར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ། སྒྱུར་སྐྱེལ་བྱེད་དགོས་རིགས་ཚང་མ་ཚད་གཞིར་ནན་པོ་གཞིགས་ནས་སྒྱུར་སྐྱེལ་ནུས་ལྡན་བྱེད་དགོས་པ་དང་། “སྒྲོམ་ཚང་སྨན་ཁང”དུ་སྐྱེལ་དགོས་རིགས་ཚང་མ་ཚད་གཞིར་ནན་པོ་གཞིགས་ནས་གོ་རིམ་ལྡན་པའི་ངང་སྨན་ཁང་དུ་སྐྱེལ་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད། ཡན་ཅིན་ཧའེ་ཡིས་དམངས་འཚོའི་དངོས་རྫས་འགན་ལེན་གནས་ཚུལ་ལ་ཐུགས་ཁུར་ཟབ་མོ་གནང་ཞིང་། ཁོང་གིས། བདེ་དབང་འབར་རླངས་ཚད་ཡོད་ཀུང་སི་དང་གཞིས་རྩེ་མ་བུ་ཀུན་འཛོམས་ཀྱི་ཡན་ལག་ཚོང་ཁང་ལྔ་པར“གྲབས་གསོག་ག་ཚོད་བྱས་ཡོད་དམ”དང་། “སྐྱེལ་འདྲེན་བདེ་བླག་རེད་དམ” “ད་དུང་དཀའ་ངལ་གང་འདུག་གམ”ལ་སོགས་གནས་ཚུལ་བཀའ་འདྲི་ཞིབ་ཚགས་གནང་བ་དང་། ཁོང་གིས། རིམས་ནད་ཐོན་རིང་དམངས་གཉེར་ཁེ་ལས་དང་། ཁེ་ལས་འབྲིང་ཆུང་ཕྲན་གསུམ། སྒེར་གཉེར་བཟོ་ཚོང་དུད་ཚང་བཅས་ཀྱིས་ཕུལ་བའི་ལེགས་སྐྱེས་ཏང་དང་སྲིད་གཞུང་གིས་བརྗེད་མི་སྲིད། ཚང་མས་མུ་མཐུད་ལག་གདང་དཔུང་སྦྲེལ་གྱིས་མདུན་སྐྱོད་དང་སེམས་པ་གཅིག་མཐུན་གྱིས་རིམས་འགོག་བྱས་ཏེ། ནུས་ཤུགས་ཡོད་རྒུས་དམངས་འཚོར་ཞབས་འདེགས་ཞུ་བ་དང་འགན་ལེན་ཡག་པོ་བྱ་རྒྱུའི་རེ་བ་ཡོད། གཞིས་རྩེའི་མ་བུ་ཀུན་འཛོམས་ཀྱི་ཡན་ལག་ཚོང་ཁང་ལྔ་པར་ཟོག་འདྲེན་ཐད་དཀའ་ངལ་ཡོད་པ་མཁྱེན་རྗེས་ཁོང་གིས་ས་གནས་ས་ཐོག་ཏུ་གཞུང་དོན་བསྒྲུབས་ཏེ་ཆེད་མི་མངགས་ནས་འཕྲལ་དུ་མཐུན་སྦྱོར་དོན་འཁྱོལ་དང་གནད་དོན་ཐག་གཅོད་གནང་ཞིང་། ཁོང་གིས། སྣུམ་རླངས་དང་ཕྲུ་གུ་དམར་འབྱར་དང་བྱིས་པའི་མཁོ་ཆས་སོགས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་ལ། དམིགས་བསལ་གྱི་དུས་སུ་མང་ཚོགས་ཀྱི་ངོས་ནས་བརྗོད་ན་དེ་བས་ཀྱང་དོན་ཆེན་ཞིག་རེད། རིམ་ཁག་སྲིད་གཞུང་གིས་ངེས་པར་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རང་འགུལ་ངང་བྱ་སྤྱོད་ཧུར་ཐག་སྤེལ་ཏེ་ཞབས་ཞུ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་དོན་སྔར་བས་ཞིབ་ཚགས་དང་། གཏིང་ཟབ། འཐུས་ཚང་བཅས་ཀྱི་སྒོ་ནས་བསྒྲུབས་ཏེ་མང་ཚོགས་ཀྱི་རེ་ཞུ་དུས་ཐོག་ཏུ་དང་ལེན་གྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།
ཡན་ཅིན་ཧའེ་ཡིས། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ངར་ཤུགས་གཅིག་བསྒྲིམས་ཀྱིས་རིམས་འགོག་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པར་བྱེད་པ་དང་། ཚད་གཞིར་ནན་པོར་གཞིགས་ནས་སྨན་ཁང་དུ་འཛུལ་མཁན་ཡོད་ལ་དོན་མཁན་ཡང་ཡོད་པར་བྱེད་པ། ཐོན་ཁུངས་གཅིག་སྡུད་ཏན་ཏིག་གིས་རིགས་དབྱེ་ཇུས་བསྟར་བྱེད་པ། ཞན་ཆའི་ལྷུ་ཚིགས་ལ་དམིགས་ཏེ་ཞན་ཆ་སེལ་བ། བྱ་དགའ་དང་ཆད་གཅོད་དམ་ནན་ལ་དམིགས་ཏེ་ཞན་ཆ་སེལ་བ། རིམས་ནད་བསྐྱར་ལོག་མི་ཐེབས་སྔོན་འགོག་བྱ་རྒྱུར་དམིགས་ཏེ་ཞན་ཆ་སེལ་བ། གཙོ་གནད་མི་སྣར་དམིགས་ཏེ་ཞན་ཆ་སེལ་བ། སེམས་ཤུགས་འཕེལ་རྒྱུར་དམིགས་ཏེ་ཞན་ཆ་སེལ་བ་བཅས་བྱས་ནས་ཀུན་སེམས་གཅིག་སྒྲིལ་གྱིས་རིམས་འགོག་དམག་འཐབ་ཡོངས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།