ཚེས་3ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་མ་ཟད་བཀོད་སྒྲིག་ཀྱང་གནང་བ་རེད།
ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་རྗེ་འབུམ་སྒང་ཁྲོམ་གཞུང་ར་མོ་ཆེ་ཐང་ཆེན་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དང་མང་ཚོགས་ཀྱི་དངོས་ཟོག་འགན་ལེན་གྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
ལྷ་ས་གྲོང་ཁྱེར་གྱིས་འཇགས་སྡོད་དོ་དམ་ཉིན་20ལྷག་ཙམ་བྱས་པས། མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དངོས་ཟོག་འགན་ལེན་དང་ཁྱིམ་སྡོད་ལོགས་བཀར་དང་སྨན་སྤྱོད་སོགས་ཀྱི་གནད་དོན་འདིར་ཝང་ཅུན་ཀྲེང་གིས་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁྲལ་གནང་གི་ཡོད། ཝང་ཅུན་ཀྲེང་གིས“ཉེ་དུས་སྡེ་ཁུལ་དུ་ནད་དཔེ་འཕར་ཆག་འདུག་གམ”“སྨན་ཐུམ་ལེན་ཐུབ་བྱུང་ངམ”“སྔོ་ཚལ་དང་ཤ་བཅས་འགན་ལེན་ཐུབ་བམ”ཞེས་ཝ་པ་གླིང་སྡེ་ཁུལ་དང་རྗེ་འབུམ་སྒང་ཁྲོམ་གཞུང་གི་ར་མོ་ཆེ་ཐང་ཆེན་དུ་རེ་རེ་བཞིན་བཀའ་འདྲི་གནང་བ་རེད། སྡེ་ཁུལ་གྱིས་གཅེས་སེམས་སྔོ་ཚལ་ཐུམ་སྒྲིལ་བགོ་བཞིན་ཡོད་པས། ཝང་ཅུན་ཀྲེང་གིས་སྔོ་ཚལ་གྱི་རིགས་དང་སོས་པ་ཡིན་མིན་ལ་གཟིགས་ཞིབ་ཞིབ་ཕྲ་གནང་སྟེ། “མང་ཚོགས་ལ་དཀའ་ངལ་འཕྲད་སྐབས་ཏང་ཡོན་ལས་བྱེད་པས་གདོང་མཆོང་དང་སྣེ་ཁྲིད་ནས་ལས་དོན་བསྒྲུབས་ཏེ། ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་མང་ཚོགས་ཀྱིས་དངོས་འབྲེལ་ཚོར་ཐུབ་པར་བྱེད་དགོས” སྡེ་ཁུལ་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་པས། རྒྱ་ཆེའི་སྡེ་ཁུལ་གྱི་ལས་དོན་པ་དང་གཤམ་སྐྱོད་ལས་བྱེད་པས་གདོང་མཆོང་དང་བསྟུད་མར་འབད་འཐབ་བྱེད་དགོས། ཝང་ཅུན་ཀྲེང་གིས་ཚང་མར་གཟུགས་པོར་བདག་གཅེས་དང་། རང་ངོས་ཀྱི་འགོག་སྲུང་ལ་ཤུགས་སྣོན། དཀའ་ངལ་ཁྱད་བསད། མུ་མཐུད་ལས་ཀ་ཧུར་ཐག་བཅས་བྱས་ནས། མང་ཚོགས་སྨན་ཟ་ཐུབ་པ་དང་། ལྟོ་ཆས་ཡག་པོ་ཟ་ཐུབ་པ། བློ་བདེའི་ངང་ཁྱིམ་དུ་སྡོད་པ། ཕྱིར་མི་དོན་པ་བཅས་ཐུབ་པར་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད། ཝང་ཅུན་ཀྲེང་གིས་ས་གནས་ས་ཐོག་ཏུ་སྐུལ་ལྕག་གནང་བ་ལས། སྡེ་ཁུལ་གྱི་ལས་བྱེད་པའི་སེམས་ཤུགས་རབ་ཏུ་འཕེལ་ཏེ། སྐབས་བསྟུན་གཙང་སེལ་གྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད་མུ་མཐུད་འབད་འཐབ་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།
ཝང་ཅུན་ཀྲེང་གིས་ལྷ་སའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། ལྷ་སའི་རིམས་ནད་ཀྱི་དུས་བབ་ལ་དབྱེ་ཞིབ་མཐའ་དཔྱོད་གནང་བ་དང་སླད་ཕྱིན་གྱི་ལས་དོན་བཀོད་སྒྲིག་གནང་བཞིན་པ།
བརྟག་ཞིབ་གནང་རྗེས། ཝང་ཅུན་ཀྲེང་གིས་ལྷ་སའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། ལྷ་སའི་རིམས་ནད་ཀྱི་དུས་བབ་ལ་དབྱེ་ཞིབ་མཐའ་དཔྱོད་གནང་བ་དང་སླད་ཕྱིན་གྱི་ལས་དོན་བཀོད་སྒྲིག་གནང་བ་རེད། ཁོང་གིས་ལྷ་སའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། མཐའ་འཁྱོངས་ནི་རྒྱལ་ཁ་ཡིན་པ་དང་མཐའ་འཁྱོངས་བྱས་ཚེ་རྒྱལ་ཁ་འཐོབ་ངེས་རེད། མིག་སྔར་ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བསམ་ཕྱོགས་སྔར་བས་ཇེ་གསལ་དུ་འགྲོ་བ་དང་ཁ་ཕྱོགས་སྔར་བས་གསལ་དུ་འགྲོ་བཞིན་ཡོད་པ་དང་དུས་མཚུངས། འགན་འཁྲི་དོན་འཁྱོལ་དང་། ལས་དོན་སྦྲེལ་མཐུད། གཙོ་གནད་མི་ཚོགས་ལ་ལྟ་འདོམས་སོགས་ཀྱི་ཐད་ད་དུང་མི་འདང་ས་མང་པོ་ཡོད། རིམ་ཁག་སྡེ་ཚན་ཁག་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཚད་མཐོའི་མཐོང་ཆེན་དང་གཙོ་གནད་མངོན་གསལ་དོད་པོ་དང་། རིམ་པ་དང་རིགས་དབྱེ་ནས་གནད་སྨིན་ཇུས་བསྟར་བྱས་ཏེ། “ཡུལ་བབ་དང་བསྟུན་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ། གཙོ་གནད་མངོན་གསལ་དོད་པོ། ཁུལ་དབྱེ་ཚར་གཅོད”བཅས་ཀྱི་ཐབས་ཇུས་གཞིར་བཟུང་། ཉེན་ཁའི་རིམ་པ་དང་ལྟ་འདོམས་བྱེད་ཐབས་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཏེ་བཀག་སྡོམ་བྱེད་མཚམས་འཇོག་པའི་ཚད་གཞི་ལོན་པར་དུས་ཐོག་ཏུ་རིམ་པ་དམའ་རུ་བཏང་ནས་བཀག་སྡོམ་བྱེད་མཚམས་འཇོག་རྒྱུ་དང་། དབྱེ་བཤེར་ཟབ་ཏུ་བཏང་ནས་བརྒྱུད་འདྲེན་ལས་དོན་མགྱོགས་མྱུར་དང་ཚད་ལྡན་ངང་ཡག་པོ་བསྒྲུབས་ནས“ཉིན་རེེར་གཙང་སེལ་དང་ཉིན་རེར་ཐག་གཅོད”ཏན་ཏིག་བྱེད་དགོས། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཡག་པོ་དང་། སེམས་གསོ་གཏོང་བ་དང་དོགས་གནད་སེལ་བའི་ལས་དོན་ནན་ཏན་དང་ཞིབ་ཚགས་ངང་ཡག་པོ་བསྒྲུབས་ཏེ། སེམས་ལྷོད་ལ་འབེབས་པ་དང་གནོན་ཤུགས་ཆུང་དུ་གཏོང་དགོས། “ཕྱོགས་བཞིའི་འགན་འཁྲི”ནན་དུ་བཏང་ནས། མངའ་ཁོངས་དང་། སྡེ་ཚན། ཚན་པ། མི་སྒེར་བཅས་ཀྱིས་ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་བརྡ་ལན་མྱུར་པོ་དང་འགན་འཁྲི་དོན་འཁྱོལ་གྱི་ལམ་སྲོལ་ཆགས་པར་བྱས་ཏེ། དམག་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་དང་བློ་སེམས་གཅིག་སྒྲིལ་གྱིས་སྤྱི་ཚོགས་ཡོངས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་མ་ལག་གཏོད་དགོས། དུས་ཐོག་དང་ནུས་ཆེའི་འཕྲལ་སྡོམ་ཐག་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་ཚུལ་གསར་པ་དང་དགོས་མཁོ་གསར་པ་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་བསམ་གཞིག་བྱེད་པ་དང་ལས་དོན་སྒྲུབ་པ། ལྷག་བསམ་ཟོལ་མེད་ངང་མང་ཚོགས་ཀྱི་འཚོ་བར་ཐུགས་ཁུར་བྱེད་པ། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ནན་ཏན་ཉན་པ། མང་ཚོགས་ཀྱི་བདེ་སྡུག་སེམས་ལ་འཆང་བ་བཅས་བྱས་ནས། བརྩེ་སེམས་ཟབ་མོས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། སྒྲིག་ལམ་དང་སྒྲིག་སྲོལ་སྔོན་ལ་འཇོག་པ་དང་། གོང་རིམ་གྱི་འཐབ་ཇུས་བྱ་སྤྱོད་དོན་འཁྱོལ་འགོར་བ་དང་། དགོས་པའི་ལས་མི་བྱེད་པ་དང་ལས་ཀ་ཏན་ཏིག་མི་སྒྲུབ་པ། དག་ཐེར་བྱེད་པའི་བཀའ་རྒྱ་གསལ་པོ་བཏོན་པར་ཕན་འབྲས་མི་ཐོན་པ་བཅས་ལ་ཐག་གཅོད་ནན་པོ་བྱེད་དགོས་པ་དང་། འགན་འཛོལ་དང་ལས་འཛོལ་ཤོར་བར་འགན་འཁྲི་བདའ་འདེད་ནན་པོ་བཏང་སྟེ་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་སྒམ་ནན་གྱི་རང་བཞིན་དང་། སྒྲིག་ལམ་གྱི་རང་བཞིན། ཕན་པ་དངོས་ཀྱི་རང་བཞིན་བཅས་ལ་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།