● འཐུང་ཆུའི་ཆུ་འགོར་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་མེད་པ། ● ནད་དཔེ་ཚང་མར་པར་གཞི་དགུ་པའི་སྨན་བཅོས་ཀྱི་ཇུས་གཞི་ལྟར་ཚད་ལྡན་སྨན་བཅོས་བྱེད་པ།
ཚེས་2ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་ལྔ་པ་འཚོགས་ནས། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་དང་། སྐྱེ་ཁམས་སྡེ་ཚན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཏོག་གསར་རིམས་ནད་ཀྱི་ནད་པར་སྨན་བཅོས་སོགས་ཀྱི་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱས་པ་རེད།
རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཆོས་དར་གྱིས་ངོ་སྤྲོད་གནང་དོན། ཟླ་9ཚེས་1ཉིན་གྱི་ཆུ་ཚོད་0ནས་24བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་ནད་དཔེ་46(ལྷ་ས་གྲོང་ཁྱེར་ལ་ནད་དཔེ་15དང་། གཞིས་རྩེ་གྲོང་ཁྱེར་ལ་ནད་དཔེ་8 ཉིང་ཁྲི་གྲོང་ཁྱེར་ལ་ནད་དཔེ་1 ཆབ་མདོ་གྲོང་ཁྱེར་ལ་ནད་དཔེ་16 ནག་ཆུ་གྲོང་ཁྱེར་ལ་ནད་དཔེ་6 )མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་575(ལྷ་ས་གྲོང་ཁྱེར་ལ་257དང་། གཞིས་རྩེ་གྲོང་ཁྱེར་ལ་160 ལྷོ་ཁ་གྲོང་ཁྱེར་ལ་3 ཆབ་མདོ་གྲོང་ཁྱེར་ལ་7 ནག་ཆུ་གྲོང་ཁྱེར་ལ་82 མངའ་རིས་ས་ཁུལ་ལ་66)མང་དུ་ཕྱིན་ཡོད་པ་རེད།
ཟླ་9ཚེས་2ཉིན་གྱི་ཆུ་ཚོད་0ནས་14བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་ཕོག་པའི་གཏན་འཁེལ་ནད་དཔེ་37(ལྷ་ས་གྲོང་ཁྱེར་ལ་ནད་དཔེ་5དང་། ཉིང་ཁྲི་གྲོང་ཁྱེར་ལ་ནད་དཔེ་30 ཆབ་མདོ་གྲོང་ཁྱེར་ལ་ནད་དཔེ་2) མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་143(ལྷ་ས་གྲོང་ཁྱེར་ལ་108དང་། ཆབ་མདོ་གྲོང་ཁྱེར་ལ་5 ནག་ཆུ་གྲོང་ཁྱེར་ལ་30)མང་དུ་ཕྱིན་ཡོད་པ་རེད།
ཟླ་9ཚེས་1ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ཁྱོན་ཉེན་ཁ་ཆེ་བའི་ཁུལ་442དང་ཉེན་ཁ་འབྲིང་བའི་ཁུལ་157ཡོད་པ་རེད།
ཟླ་9ཚེས་1ཉིན་ཏོག་གསར་ནད་དུག་འགོས་པ་621མང་དུ་ཕྱིན་པ་དེ་དག་ཚང་མ་ནི་ལོགས་བཀར་དོ་དམ་ཚོད་འཛིན་ཁུལ་ནས་ཤེས་རྟོགས་བྱུང་བ་རེད།
ཟླ་9ཚེས་1ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ནད་པ་445དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་། ཐད་འབྲེལ་པ་25617ལ་གཅིག་སྡུད་ལོགས་བཀར་གྱི་ལྟ་ཞིབ་བྱེད་མཚམས་བཞག་པ་རེད། མིག་སྔར། མི་གྲངས་59088ལ་གཅིག་སྡུད་ལོགས་བཀར་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།
རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཏང་ཙུའུ་ཡི་ཁོངས་མི་ཐིང་ཀྲང་གཞོན་པ་ཧྲུའེ་ཡན་ཕིང་གིས་གསུངས་དོན། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྐྱེ་ཁམས་ཁོར་ཡུག་གི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་དང་། སྦགས་བཙོག་ཐེངས་གཉིས་པ་གཏན་ནས་མ་ཤོར་བ་བྱེད་པ། ནད་དུག་སྨན་བཅོས་ཀྱི་ཟོག་རོ་དང་བཙོག་ཆུ་བརྒྱུད་འགོ་བའི་ཐབས་ལམ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ཁོར་ཡུག་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱས་ཡོད། ཟླ་9ཚེས་1ཉིན་བར་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་ལྟ་འདོམས་ཞབས་ཞུའི་བྱེད་སྒོ་ཁྱོན་ཐེངས་1147སྤེལ་བ་དང་། ཁོར་ཡུག་གི་གནད་དོན་414འཕྲལ་སྒྲུབ་འཕྲལ་བཅོས་ལ་སྐུལ་འདེད་བཏང་བ། དྲ་ཐོག་ནས་རོགས་སྐྱོར་དང་མཛུབ་ཁྲིད་ཐེངས་118བྱས་པ། ཁོར་ཡུག་བློ་འདྲིའི་གནད་དོན་170ཐག་གཅོད་བཅས་བྱས་ནས་སྨན་བཅོས་སྒྲིག་གཞི་དང་སྒྲིག་བཀོད་ཁོར་ཡུག་གྱི་ལྟ་འདོམས་དང་ཞབས་ཞུ་100%ཁྱབ་ཐུབ་པར་བྱས་པ་དང་། སྨན་བཅོས་ཀྱི་ཟོག་རོ་དང་བཙོག་ཆུ་དུས་ཐོག་ཏུ་འཚོལ་བསྡུ་དང་། བརྒྱུད་འདྲེན། ཐག་གཅོད་བཅས་100%ཐུབ་པར་བྱས་ཡོད། ཟླ་8ཚེས་7ཉིན་ནས་བཟུང་ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་སྨན་བཅོས་ཀྱི་ཟོག་རོ་ཏུན་1301བསྡུ་འདྲེན་གཙང་སེལ་ཚད་ལྡན་བྱས་པ་དང་སྨན་བཅོས་བཙོག་ཆུ་ཚང་མ་ཚད་ལྡན་གཙང་བཟོ་བྱས་པ་རེད། བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་སྨན་བཅོས་ཀྱི་བཙོག་ཆུ་ཚང་མ་ཕྱིར་འབུད་ཀྱི་ཚད་གཞིར་སླེབས་ཡོད་པ་རེད། གཞན་ཡང་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། ལྗོངས་ཡོངས་ཀྱི་ཁོར་ཡུག་གི་སྤུས་ཚད་ལེགས་པོ་རྒྱུན་འཁྱོངས་ཐུབ་པ་དང་། ལྗོངས་ཡོངས་ཀྱི་གཅིག་སྡུད་རྣམ་པའི་འཚོ་བའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་སྤྱིར་ན་བརྟན་པོ་ཡོད་པ། འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་མེད་པས་རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་བློ་བདེ་པོས་སྤྱད་ན་འགྲིག་གི་འདུག
རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་ཡོན་ཀྲང་གཞོན་པ་དང་། ཀྲུའུ་རེན་སྨན་པ་དཀའ་བཅུ་པ། སྨན་བཅོས་སྐྱོབ་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི་བཅས་ཡིན་པའི་ཧྭ་ཏེ་སྨིས་རང་ལྗོངས་སུ་རིམས་ནད་མཆེད་མགྱོགས་པའི་རྒྱུ་རྐྱེན་དང་ཏོག་གསར་གློ་ཚད་ནད་དུག་འགོས་པར་སྨན་བཅོས་བྱས་ཚུལ་ངོ་སྤྲོད་གནང་བ་རེད། ཁོང་གིས་གསུངས་དོན། ད་ཐེངས་ལྗོངས་ཡོངས་སུ་མཆེད་པའི་ཏོག་གསར་ནད་དུག་ནི་ཨའོ་སྨི་ཁེ་རུང་BA.2.76ལས་གཞན་འགྱུར་བྱུང་བའི་དུག་སྲིན་ཞིག་ཡིན་པ་དང་། དེ་སྔོན་མཆེད་པའི་ཐོག་མའི་དུག་སྲིན་དང་དེ་བཞིན་ཏེལ་ཐཱ་རྒྱུད་འགྱུར་དུག་སྲིན་དང་བསྡུར་ཚེ་དེའི་མཆེད་ཤུགས་ཅུང་ཆེ་རུ་ཕྱིན་ཡོད། འོན་ཀྱང་ནད་སློང་ཤུགས་ཆུང་དུ་ཕྱིན་ཡོད་ཅེས་གསུངས་པ་རེད། བོད་ཀྱི་གནམ་གཤིས་དང་ས་ཁམས་ཁོར་ཡུག་དམིགས་བསལ་ཡིན་པ་དང་། རླུང་གནོན་དམའ་ལ་གསོ་རླུང་དཀོན་པས་ཐད་འབྲེལ་པར་སྔོན་འགོག་རང་བཞིན་གྱི་སྨན་སྟེར་དགོས་ཀྱི་ཡོད། དེ་ལྟར་བྱས་ན་ནད་འགོག་ནུས་པ་ཆེ་རུ་འགྲོ་བར་ཕན་པ་ཡོད། རྟགས་མེད་ནད་དུག་འགོས་པ་དང་ནད་རྟགས་ཆུང་བའི་ནད་པར་ནད་རྟགས་ལ་གཞིགས་ནས་སྨན་བཅོས་བྱེད་དགོས་ཀྱི་ཡོད། དེ་ལྟར་བྱས་ན་ནད་བབ་ལྕི་རུ་མི་འགྲོ་སྔོན་འགོག་ཐུབ་ནས་སྔ་ཙམ་དྲག་སྐྱེད་ཡོང་བར་ཕན་པ་ཡོད། གསལ་བཤད་བྱེད་དགོས་པ་ཞིག་ལ། རྟགས་མེད་ནད་དུག་འགོས་པ་དང་ནད་གཞི་ཡང་བའི་ནད་པར་འགོ་ཤུགས་ཧ་ཅང་ཆེན་པོ་ཡོད་པས། ཕན་ཚུན་མ་འགོས་སྔོན་འགོག་བྱ་ཆེད་ངེས་པར་དུ་སྒྲོམ་ཚང་སྨན་ཁང་དུ་ལོགས་བཀར་སྨན་བཅོས་བྱེད་དགོས།