དབུ་ཤོག>ཆེད་སྒྲིག
  • ཡན་ཅིན་ཧའེ་ཡིས་གཞིས་རྩེ་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-04

    ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་འོག་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཅུས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བོད་ལྗོངས་ལས་དོན་ཚོགས་ཆུང་གི་ཞིབ་ཕྲའི་མཛུབ་ཁྲིད་འོག ཚེས་1དང་ཚེས་2ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་གཞིས་རྩེའི་ལས་གྲྭའི་རྣམ་གྲངས་གལ་ཆེན་དང་། སྒོ་རྩིས་ཚོང་ཁང་དང་ཚལ་ཚོང་ས། ལོགས་བཀར་གསོལ་མགྲོན་ཁང་བཅས་ལ་ཞིབ་བཤེར་གནང་བ་རེད།

    རྣམ་གླིང་རྫོང་དུ་གནས་པའི་ཤང་ཆུའི་ཆུ་བེད་ལྟེ་བའི་ལས་གྲྭ་དང་དེ་བཞིན་ལྷན་སྦྱར་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་ཆུ་གྲོན་ཆུང་དང་ཆུ་མཁོ་འདོན་གྱི་ལས་གྲྭ་གལ་ཆེན་172ཀྱི་གྲས་ཤིག་ཡིན་ཞིང་། ཡན་ཅིན་ཧའེ་ཡིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་དང་། ལས་དོན་མི་སྣར་ཉིང་སྐྱུར་བརྟག་དཔྱད། འགོག་སྲུང་དངོས་ཟོག་གྲབས་གསོག་བཅས་བྱས་ཚུལ་དང་། དེ་བཞིན་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་དང་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། འཕྲད་པའི་དཀའ་ངལ་དང་གནད་དོན་ས་གནས་ས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་ཀྱང་གནང་བ་རེད། ཁོང་གིས“རིམས་འགོག་འགག་སྒོར”དམ་འཛིན་ནན་པོ་བྱས་ནས། ཐོག་མཐའ་བར་གསུམ་དུ་ཚད་མཐོའི་དོགས་ཟོན་རྒྱུན་འཁྱོངས་བྱེད་པ་དང་། “རིམས་ནད་ཕྱི་ལ་མཆེད་རྒྱུ་སྔོན་འགོག”གི་འགག་སྒོ་ཚང་མར་དམ་འཛིན་ཞིབ་ཚགས་བྱེད་པ། བཀག་སྡོམ་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྐྱེལ་འདྲེན་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོར་ཞིབ་ཚགས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་ཚང་མ་བདེ་ཐང་ངང་ལས་གནས་ཐོག་སྐྱོད་པ་དང་བདེ་འཇགས་ངང་ལས་ཀ་བྱེད་ཐུབ་པའི་འགན་ལེན་བྱེད་དགོས། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་གཞོགས་འདེགས་དམ་ཟབ་དང་། རང་འགུལ་སྦྲེལ་མཐུད། འཐབ་ས་མདུན་མར་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཨར་སྐྲུན་མི་སྣ་ལས་གནས་ཐོག་ལོག་པ་དང་ཨར་སྐྲུན་དངོས་པོ་དང་རྒྱུ་ཆ་ཤར་གཏོང་ཐུབ་པ་སོགས་ཀྱི་འགག་གནད་དུས་ཐོག་ཏུ་ཐག་གཅོད་བྱས་ནས་ཁེ་ལས་ཀྱི་དཀའ་གནད་སེལ་རོགས་དང་མཉམ་དུ་འདེགས་སྐྱོར་གྱིས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    བསམ་གྲུབ་རྩེའི་གོང་ཁེའི་སྒོ་རྩིས་ཚོང་ཁང་དང་སྔོ་ཚལ་ཚོང་ཁང་མང་པོར་ཡན་ཅིན་ཧའེ་ཡིས་ཚོང་དུད་དང་ངོ་འཕྲད་སྤེལ་རེས་གནང་སྟེ་ཟོག་ཁུངས་དང་། སྡེབ་སྐྱེལ། རིན་གོང་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཟོག་སྒྲོམ་ཐོག་དངོས་རྫས་སྣ་མང་ཕུན་སུམ་ཚོགས་ལ་དེ་དག་ཚང་མ་འབྲེལ་གཏུག་མེད་པར་སྡེབ་སྐྱེལ་བྱེད་པ་མཁྱེན་རྗེས། ཁོང་གིས་ཚང་མས་དམིགས་བསལ་དུས་སྐབས་སུ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚང་མས་ནུས་ཤུགས་འདོན་པ་དང་གཅེས་སེམས་ཕུལ་ཚེ་རིམས་ནད་མགྱོགས་མྱུར་སེལ་ཐུབ་ངེས་རེད། རེ་བར་ཚོང་དུད་ཚོས་གཞུང་དྲང་དང་། ཡིད་རྟོན། བདེ་འཇགས་བཅས་ཀྱི་གཉེར་སྐྱོང་བྱེད་པ་དང་། རིམས་འགོག་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུ་བ། དུག་སེལ་སོགས་ཀྱི་བྱ་ཐབས་ཁག་ནན་ཏན་ངང་སྒྲུབ་པ། གོ་སྐབས་དང་བསྟུན་ནས་ཟོག་གོང་མི་སྤོར་བ། བྱ་སྤྱོད་དངོས་ལ་བརྟེན་ནས་བསྔགས་བརྗོད་བཟང་པོ་ཐོབ་པ་བཅས་བྱས་ནས་ཏང་དང་སྲིད་གཞུང་བློ་བདེ་པོ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད། ཁོང་གིས། མང་ཚོགས་ཀྱི་འཕྲལ་མཁོ་དང་རེ་སྒུག་དུས་ཐོག་ཏུ་ཤེས་རྟོགས་བྱས་ནས་སྔོན་འགོག་དང་ཚོད་འཛིན་གྱི་གཏན་འབེབས་དང་མཐུན་པའི་སྒོ་རྩིས་ཚོང་ཁང་དང་། སྨན་ཁང་། སྔོ་ཚལ་ཚོང་ཁང་བཅས་སྒོ་ཕྱེ་དགོས་རིགས་ཚང་མ་ཕྱེ་རྒྱུར་མཛུབ་ཁྲིད་བྱས་ཏེ་བྱ་ཐབས་སྣ་ཚོགས་སྤྱད་ནས་མང་ཚོགས་ལ་ཞབས་འདེགས་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།

    ཡན་ཅིན་ཧའེ་ཡིས་ད་དུང་བསམ་གྲུབ་རྩེ་ཆུས་ཀྱི་བཀག་སྡོམ་གསོལ་མགྲོན་ཁང་དང་ལོགས་བཀར་གསོལ་མགྲོན་ཁང་གི་དོ་དམ་དང་དངོས་རྫས་འགན་ལེན་བྱས་ཚུལ་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་ཡང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།