དབུ་ཤོག>ཆེད་སྒྲིག
  • ​ཝང་ཅུན་ཀྲེང་གིས་ནག་ཆུ་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བར་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-04

    1111111.jpg

    ཟླ་8ཚེས་31ཉིན་དང་ཟླ་9ཚེས་1ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དང་། སོག་རྫོང་། འབྲི་རུ་རྫོང་། གསེར་རྙེད་ཆུས་བཅས་སུ་ཕེབས་ཏེ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བར་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། འདི་ནི་ནག་ཆུའི་མྱུར་བགྲོད་གཞུང་ལམ་ཞིབ་བཤེར་ས་ཚིགས་སུ་ཝང་ཅུན་ཀྲེང་གིས་ལས་རེས་ལས་སྒྲུབ་དང་། ཟོག་འགྲེམས་ཤར་གཏོང་འགན་ལེན། ཞབས་ཞུ་དོ་དམ། རིམས་ནད་མ་མཆེད་སྔོན་འགོག་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

    ◆ གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་བྱེད་པ་དང་རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད་བྱས་ནས། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས།

    ཟླ་8ཚེས་31ཉིན་དང་ཟླ་9ཚེས་1ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དང་། སོག་རྫོང་། འབྲི་རུ་རྫོང་། གསེར་རྙེད་ཆུས་བཅས་སུ་ཕེབས་ཏེ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བར་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པར་གནད་དོན་གྱི་འདུ་ཤེས་དང་སེམས་ཁྲལ་གྱི་འདུ་ཤེས་ཟབ་མོ་ཡོད་དགོས་པ་དང་། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་ཤུགས་ཆེན་བཅས་བྱས་ཏེ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ལས་སླ་པོར་བྱུང་བ་ཞིག་མ་ཡིན་པའི་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས།

    ཞིབ་བཤེར་ས་ཚིགས་ཁག་བརྒྱུད་སྐབས། ཝང་ཅུན་ཀྲེང་གིས་ལས་རེས་ལས་སྒྲུབ་དང་། ཟོག་འགྲེམས་ཤར་གཏོང་འགན་ལེན། ཞབས་ཞུ་དོ་དམ། རིམས་ནད་མཆེད་རྒྱུ་སྔོན་འགོག་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ནན་ཏན་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། ནག་ཆུ་གྲོང་ཁྱེར་ནི་བོད་ནས་འགྲོ་འོང་བྱེད་པའི་བྱང་ཕྱོགས་ཀྱི་རྒྱལ་སྒོ་ལྟ་བུ་ཞིག་ཡིན་པས། སྤྱི་ཡོངས་ཀྱི་ལྟ་བ་བཙུགས་ཏེ། བོད་ནས་འགྲོ་འོང་བྱེད་པའི་མི་སྣ་དོ་དམ་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ་དང་། པར་གཞི་དགུ་པའི་སྔོན་འགོག་དང་ཚོད་འཛིན་ཇུས་གཞིའི་བླང་བྱ་ལྟར་མེ་འཁོར་བབས་ཚུགས་དང་རྒྱལ་ལམ་དང་ཞིང་ཆེན་ལམ་སོགས་ནན་པོ་སྲུང་བ། ཆ་རྐྱེན་དང་མཐུན་པའི་མི་སྣ་གོ་རིམ་ལྡན་པའི་ངང་བོད་ནས་ཐོན་རྒྱུ་བཀོད་སྒྲིག་བྱེད་པ། “གནས་ནས་གནས”ལ་གདུབ་ཟུམ་སྒྱུར་སྐྱེལ་མཐའ་འཁྱོངས་བྱེད་པ། ཆ་འཕྲིན་དུས་ཐོག་ཏུ་དམིགས་སའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྡེ་ཚན་ལ་བརྡ་ཁྱབ་གཏོང་བ་བཅས་བྱས་ནས། རིམས་ནད་ཞིང་ཆེན་དང་གྲོང་ཁྱེར་གཞན་དུ་མཆེད་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ནུས་ཤུགས་ཡོད་རྒུས་རིམས་ནད་ཀྱི་ཚར་གཅོད་དམག་འཐབ་ཡག་པོ་བརྒྱབ་ནས་རིམས་ནད་ཞིང་འབྲོག་ཁུལ་དུ་མཆེད་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།

    གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་གླིང་སྐོར་སྡེ་ཁུལ་དང་། འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ། སོག་རྫོང་ཙན་དན་དགོན། ནག་ཆུ་གྲོང་ཁྱེར་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་བའི་ཐོག་བརྩེགས་ཁང་ཆེན་བཅས་སུ་ཝང་ཅུན་ཀྲེང་གིས་དྲ་མིག་ཅན་འཛུགས་སྐྲུན་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྤེལ་ཚུལ། རིམས་འགོག་དངོས་ཟོག་འགན་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། མི་སྣ་འདུ་འཛོམས་ཆེ་བ་དང་སྔོན་འགོག་དང་ཚོད་འཛིན་དཀའ་བའི་གཙོ་གནད་ཁུལ་ལ་དམ་པོར་དམིགས་ཏེ། དྲ་མིག་ཅན་དོ་དམ་གྱི་ཉམས་མྱོང་ཡག་པོ་དང་བྱ་ཐབས་ཡག་པོ་ཏན་ཏིག་སྤྱད་ནས་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་གཞི་རིམ་དུ་དོན་འཁྱོལ་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་མཐའ་གཅིག་ཏུ་སྐྲུན་དགོས། སྦྲ་ཆེན་རྫོང་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ཚོམས་ཆེན་དང་། སློབ་ཆེན་སློབ་མའི་ལས་གཏོད་སྐྱོང་སྤེལ་རྟེན་གཞི། སོག་རྫོང་རྒྱལ་གཅེས་རིང་ལུགས་ཀྱི་ལོ་རྒྱུས་དྲན་གསོ་ཁང་བཅས་སུ་ཝང་ཅུན་ཀྲེང་གིས་ཁྱད་ལྡན་འབྲོག་ལས་ཐོན་རྫས་གསར་སྤེལ་དང་། སློབ་ཆེན་སློབ་མའི་ལས་གཏོད་གསར་གཏོད། “གྲོང་གསེབ་དར་རྒྱས་གཏོང་། ནག་ཆུས་འབད་འབུངས་ཡར་བརྩོན་བྱེད”བཅས་ཀྱི་བྱེད་སྒོ་སྤེལ་ཚུལ་བཅས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ། ཟོག་འགྲེམས་ཤར་གཏོང་འགན་ལེན་དང་། ཞིང་འབྲོག་ལས་ཐོན་སྐྱེད། གཞི་རྩའི་དམངས་འཚོ། ལས་ཞུགས་ལས་གཏོད། དཀའ་ངལ་སེལ་བ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱས་ནས། རིམས་ནད་ཀྱི་ཤུགས་རྐྱེན་ཚད་མཐོ་ཤོས་ཀྱི་སྒོ་ནས་ཆུང་དུ་གཏོང་དགོས། ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། ལས་སྣོན་ཞིབ་ཚགས་ཀྱི་ལམ་བུའི་ཐོག་སྐྱོད་པ་དང་། ལྗོངས་ཕྱི་ནང་གི་ཁྲོམ་ར་རྒྱ་ཆེར་ཧུར་ཐག་གཏོང་བ། ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས།

    ལྟ་སྐུལ་མཛུབ་ཁྲིད་གནང་རིང་། ཝང་ཅུན་ཀྲེང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཁྲོད་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་ཚུལ་གཙོ་གནད་ཐོག་མཁྱེན་རྟོགས་གནང་བ་དང་གཞི་རིམ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བླང་བྱ་བཏོན་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། འགག་རྩའི་དུས་སུ་ཏང་རྩ་འཛུགས་ནི་སྲོག་ཤིང་རེད། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པ་ནི་གཞི་རིམ་ཏང་རྩ་འཛུགས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བའི་ཡིག་རྒྱུགས་ཆེན་པོ་ཞིག་དང་ཚོད་བགམ་ཞིག་རེད། གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། འབྲས་བུའི་སྟོན་ཕྱོགས་བཅས་མཐའ་འཁྱོངས་ཀྱིས་ཉམས་མྱོང་ཕྱོགས་སྡོམ་དང་མི་འདང་ས་འཚོལ་བ་དང་། ཞན་ཆ་གསབ་པ་དང་ལས་དོན་ལ་སྐུལ་འདེད་གཏོང་བ། བཅོས་སྐྱོང་མ་ལག་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། བཅོས་སྐྱོང་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་སྒྲིག་འཛུགས་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་ཆེ་རུ་ཏན་ཏིག་བཏང་སྟེ། གཞི་རིམ་ཏང་རྩ་འཛུགས་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་ཡོང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མཐའ་མཚམས་མངའ་ཁོངས་སྲུང་སྐྱོང་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།

    རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། འགོ་ཁྲིད་ཀྱི་ལྟེ་བའི་ནུས་པ་འདོན་སྤེལ་ལ་སྣང་ཆེན་བྱས་ཏེ། ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གསར་གཏོད་ལ་སྣེ་ཁྲིད་བྱེད་པ་དང་། རིམ་ཉུང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བཀོད་འདོམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་ལམ་སྲོལ་དང་ལས་ཀའི་བྱེད་ཐབས་ལེགས་སུ་དང་བརྟན་དུ་གཏོང་བ། འཕྲལ་སྡོམ་ཐག་གཅོད་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ལྗོངས་ཡོངས་བསམ་ཇུས་གཅིག་ཏུ་གྱུར་བ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་སྲིད་བཀའ་ཤར་བགྲོད་ཐུབ་པ་དང་། སྒྲིག་འཛུགས་ནུས་ལྡན། ལས་ཕྱོད་ཆེ་བ་བཅས་ཀྱི་སྒོ་ནས་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས།

    དོ་དམ་བྱེད་སྟངས་གསར་གཏོད་བྱེད་དགོས་ཤིང་། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་དང་རྨང་གཞིའི་སྟོན་ཕྱོགས་གསལ་པོར་དམ་འཛིན་ཤུགས་ཆེན་བྱེད་པ་དང་སྡེ་ཁུལ་གྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གཞི་རིམ་གྱི“ཏང་ཀྲི་པུའུ+དྲ་མིག་ཅན+གཉིས་ལྡན་དུད་སྦྲེལ”གྱི་དོ་དམ་ཞབས་ཞུའི་རྣམ་པ་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་། “འཕྲེད་གཞུང་ཟུང་འབྲེལ་དང་། ཁུལ་དབྱེ་འགན་གཙང་ལེན་པ། ཕྱོགས་ཡོངས་ལ་ཁྱབ་པ། རིམ་དབྱེ་དོ་དམ། དྲ་མིག་མཐའ་འཁྱོངས”བཅས་ཀྱི་དྲ་མིག་ཅན་གྱི་དོ་དམ་མ་ལག་འཛུགས་པ། ལས་གནས་བཀོད་སྒྲིག་དང་ལས་ཀའི་འགན་འཁྲི་ཁ་གསལ་བཟོ་བ། དཔྱད་ཞིབ་དང་དོ་དམ་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། བྱེད་པོའི་འགན་འཁྲི་ནན་པོར་སྒྲུབ་པ། ཐོན་ཁུངས་གཞི་རིམ་ལ་ཕྱོགས་པ་དང་། གནད་དོན་གཞི་རིམ་དུ་ཐག་གཅོད་བྱེད་པ། སེམས་ཤུགས་གཞི་རིམ་དུ་གཅིག་སྒྲིལ་བཅས་བྱས་ནས། གཞི་རིམ་བཅོས་སྐྱོང་གི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས།

    ཐོན་ཁུངས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱེད་དགོས་ཤིང་། ཏང་ཀྲི་པུའི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྣེ་མང་མཉམ་བཅོས་ལ་སྣང་ཆེན་བྱེད་པ། གཞི་གཅིག་ཅན་གྱི་འཁོར་སྐྱོད་མཐའ་འཁྱོངས་བྱེད་པ། “ངོ་ལྐོག་གཉིས”ཀྱི་སྣང་ཚུལ་སྔོན་འགོག་བཅས་བྱས་ནས། ལས་བགོས་མཉམ་ལས་ཐུབ་པ་དང་གཅིག་མཁས་མང་འཇོན་ཡང་ཐུབ་པར་བྱེད་པ་དང་། གཞི་རིམ་ཏང་འཛུགས་སྐྱོང་དང་གཞི་རིམ་བཅོས་སྐྱོང་དེ་སྒོ་རྒྱག་ནས་སྒོ་དབྱེ་དང་། ཁ་ཕྲལ་ནས་སྤྱི་འདོམས། རགས་ལས་ནས་ཞིབ་ཚགས་བཅས་སུ་སྒྱུར་ཐུབ་པ་བཅས་བྱས་ཏེ། “ཐོན་ཁུངས་མཉམ་སྤྱོད་དང་སྣེ་མང་མཉམ་སྐྲུན”གྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྤྱི་ཡོངས་རང་བཞིན་དང་། མཉམ་ལས་རང་བཞིན། གནད་སྨིན་རང་བཞིན་བཅས་ཆེ་རུ་ཏན་ཏིག་གཏོང་དགོས།

    སྤྱོད་གོ་ཆོད་ཅིང་ཕན་འབྲས་ཐོན་པར་སྣང་ཆེན་བྱེད་དགོས་ཤིང་། ཏང་ཡོན་དྲ་མིག་ཏུ་ཁྱབ་པ་དང་། དོ་དམ་དྲ་མིག་ཏུ་བྱེད་པ། གནད་དོན་དྲ་མིག་ཏུ་ཐག་གཅོད་བྱེད་པ། རིམ་པ་ཉུང་དུ་གཏོང་བ་དང་། ལྷུ་ཚིགས་ཉུང་དུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རང་འགུལ་ངང་སྔོན་འགོག་དང་། སྔ་ཙམ་ཤེས་རྟོགས། མགྱོགས་མྱུར་ཐག་གཅོད་བཅས་ཐུབ་པར་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་དམ་འཛིན་ཞིབ་ཚགས་དང་། ཏན་ཏིག གནད་སྨིན་བྱས་ཏེ་ཕན་འབྲས་དངོས་ལ་བརྟེན་ནས་བྱེད་སྟངས་དང་བྱ་ཐབས་ལ་ཞིབ་དཔྱད་བྱེད་དགོས། མིའི་རང་སྟོབས་ཀྱི་ནུས་པ་དང་ཆ་འཕྲིན་ཅན་གྱི་འདེགས་སྐྱོར་གྱིས་ཕྱོགས་གཅིག་ལ་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་དེང་རབས་ཀྱི་དོ་དམ་ལ་འཐབ་ནུས་ལྡན་པ་བྱས་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

    མི་དམངས་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་དགོས་ཤིང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱེད་པ་དང་། བྱེད་སྟངས་དང་བྱེད་ཐབས་ལེགས་སུ་གཏོང་རྒྱུར་སྣང་ཆེན་བྱེད་པ། ཐོག་མཐའ་བར་གསུམ་དུ་མང་ཚོགས་དང་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་ལས་ཀ་བྱེད་པ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློར་དམ་པོར་དམིགས་པ། མང་ཚོགས་ཀྱི་རེ་ཞུ་ཡག་པོ་ཉན་པ། དུས་ཐོག་ཏུ་གནད་དོན་དངོས་ཐག་གཅོད་བྱེད་རོགས་བྱེད་པ། མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་འགན་ལེན་ཡག་པོ་བྱེད་པ། མང་ཚོགས་ལ་བསམ་བློའི་ཁྲིད་སྟོན་དང་། སེམས་གསོ་གཏོང་བ། འགལ་ཟླ་སེལ་བ་སོགས་ཀྱི་ལས་དོན་ཏན་ཏིག་སྒྲུབ་པ། དམངས་འཚོ་འགན་ལེན་དང་། ཐ་སྐྱོང་། མྱུར་སྐྱོབ་དཀའ་སེལ་བཅས་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་ནུས་ལྡན་བྱེད་པ། མི་སེམས་གསོ་བའི་སྐད་ཆ་མང་ཙམ་ཤོད་པ་དང་། དམངས་ཀྱི་འདོད་བློ་དང་མཐུན་པའི་བྱ་བ་མང་ཙམ་སྒྲུབ་པ། མང་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་གཞོགས་འདེགས་བཅས་ཐོབ་རྒྱུར་རང་འགུལ་ངང་བརྩོན་ལེན་བཅས་བྱས་ཏེ། མང་ཚོགས་ཀྱིས་རིམས་ནད་ལ་ལྟ་སྟངས་ཡང་དག་འཛིན་པ་དང་རང་འགུལ་ངང་སྔོན་འགོག་དང་ཚོད་འཛིན་གྱི་སྤྱི་ཡོངས་ཀྱི་དགོས་མཁོར་བརྩི་སྲུང་ཞུ་བར་ཁྲིད་སྟོན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། ཁོང་གིས་ནན་བཤད་གནང་དོན། འཐབ་ས་དང་པོའི་ལས་དོན་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱས་ནས་ཞིབ་ཕྲའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་རོགས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འཐབ་ས་དང་པོར་ནུས་ཤུགས་ཡོད་རྒུ་འདོན་པ་དང་བློ་གཅིག་སེམས་གཅིག་གིས་དམག་འཐབ་བརྒྱབ་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམག་འཐབ་ཆེན་པོ་དེར་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།