རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་ཞིབ་བཤེར་ཆེ་མོ་ཐེངས་དགུ་པའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་བཅོ་ལྔ་པ་བོད་དུ་འབྱོར་ནས་ས་གནས་ས་ཐོག་ཏུ་ལྟ་སྐུལ་ཞིབ་བཤེར་གྱི་ལས་དོན་སྤེལ་བ་རེད། ཟླ་8ཚེས་30ཉིན། ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་བཅོ་ལྔ་པའི་ཙུའུ་ཀྲང་དང་། ཞིང་ལས་དང་གྲོང་གསེབ་པུའི་ཏང་ཙུའི་ཁོངས་མི། པུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཀྲང་ཤིང་ཝང་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ལས་དོན་སྦྲེལ་མཐུད་ཚོགས་འདུར་ཞུགས་པ་རེད། ཚོགས་འདུ་ནི་ཉིང་ཁྲི་དང་ལྷ་སར་ས་གནས་ས་ཐོག་དང་བརྙན་ལམ་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་འཚོགས་པ་རེད།
ཀྲང་ཤིང་ཝང་གིས་ད་ཐེངས་ཀྱི་ལྟ་སྐུལ་ཞིབ་བཤེར་གྱི་དམིགས་ཡུལ་གཙོ་བོ་དང་། ནང་དོན་གཙོ་བོ། ལས་ཀའི་བཀོད་སྒྲིག་དང་སྒྲིག་ཁྲིམས་ཀྱི་བླང་བྱ་བཅས་ངོ་སྤྲོད་གནང་ཞིང་། ཁོང་གིས“རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དཔལ་འབྱོར་བརྟན་པོ་ཡོང་བ་བྱེད་པ། འཕེལ་རྒྱས་བདེ་འཇགས་ཡོང་བ་བྱེད་པ”བཅས་དང“གཟེར་འདེབས་ཀྱི་སྙིང་སྟོབས་ཆེན་པོར་བརྟེན་ནས་བཀོད་སྒྲིག་དང་། དོན་འཁྱོལ། ལྟ་སྐུལ་ཞིབ་བཤེར་བཅས་ལ་དམ་འཛིན་བྱ་རྒྱུའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཞི་ཆེན་དཔལ་འབྱོར་གྱི་འཁོར་རྒྱུག་ཆེ་མོ་བརྟན་དུ་ཧུར་ཐག་གཏོང་རྒྱུ”དང“ལྟ་སྐུལ་ཞིབ་བཤེར་བྱས་ནས་དོན་འཁྱོལ་ལ་དམ་འཛིན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི‘ཕན་ཡོད’ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི”སྐོར་གྱི་ཙུང་ལི་ལི་ཁེ་ཆང་གི་ལས་ཀའི་བླང་བྱ་དོན་འཁྱོལ་བྱེད་པ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ། ད་ཐེངས་ཀྱི་ལྟ་སྐུལ་ཞིབ་བཤེར་ཆེ་མོའི་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་བཅས་བྱས་ནས། ལྟ་སྐུལ་ཞིབ་བཤེར་བརྒྱུད་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྱི་ཚོགས་འདུའི་དགོངས་དོན་དང་། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་བཀོད་སྒྲིག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔལ་འབྱོར་བརྟན་པོ་ཡོང་བ་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་སྦབ་ཆ་གཅིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་ལྟ་སྐུལ་ཞིབ་བཤེར་ཆེ་མོའི་འབྲེལ་ཡོད་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། འཕར་རྒྱུ་བརྟན་པོ་དང་། ཁྲོམ་རའི་བྱེད་པོ་བརྟན་པོ། ལས་ཞུགས་བརྟན་དུ་བཏང་ནས་དམངས་འཚོར་འགན་ལེན་བྱེད་པ། ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་བརྟན་པོ་ཡོང་བ་འགན་ལེན་བྱེད་པ། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་བྱེད་ཟབ་ཏུ་བཏང་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ”སོགས་ལ་དམིགས་ནས་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱེད་པ། ཁུངས་སྣེར་གཞིགས་པ་དང་། གནད་དོན་ལ་དམིགས་ནས་ལས་དོན་སྤེལ་བ། གནད་དོན་ལ་དམིགས་ནས་ཡོ་བསྲང་བཅས་བྱེད་པ། “ལྟ་སྐུལ་དང་རོགས་རམ་གཞི་གཅིག”གི་ནུས་པ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་དབྱང་དང་ས་གནས་ཀྱིས་བཏོན་པའི་སྲིད་ཇུས་གལ་ཆེན་དང་ལག་ལེན་བསྟར་བའི་གཙོ་གནད་རྣམ་གྲངས་གང་མགྱོགས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
ཡན་ཅིན་ཧའེ་ཡིས་རྣམ་འགྱུར་སྟོན་པའི་གསུང་བཤད་གནང་སྐབས། ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་གིས་བོད་ཀྱི་ས་གནས་ས་ཐོག་ཏུ་ལྟ་སྐུལ་ཞིབ་བཤེར་གནང་བ་དེ་གཅིག་ནས་བོད་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་ཉམས་ལེན་ཞིག་རེད་ལ། བོད་ཀྱི་ལས་དོན་ཁག་དང་ལྷག་པར་དུ་སྲིད་གཞུང་ལས་དོན་གྱི་ཕྱོགས་བསྡུས་དཔྱད་དཔོག་ཅིག་ཀྱང་རེད། བོད་ཀྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྕག་འདེབས་ནུས་ལྡན་ཞིག་དེ་བས་ཀྱང་རེད། རང་སྐྱོང་ལྗོངས་ཀྱིས་ད་ཐེངས་ཀྱི་ལྟ་སྐུལ་ཞིབ་བཤེར་དེ་གོ་སྐབས་སུ་བརྩིས་ནས། ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བ་དང་། ལས་ཀར་སྔར་བས་ཤུགས་སྣོན་རྒྱག་པ། དོན་འཁྱོལ་སྔར་བས་མགྱོགས་མྱུར་བྱེད་པ། འགན་འཁྲི་སྔར་བས་ནན་དུ་གཏོང་བ་བཅས་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནང་བའི་ལས་འགན་ཁག་མཐའ་གཅིག་ཏུ་ལེགས་སྒྲུབ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།