ཟླ་8ཚེས་30ཉིན། རིམས་ནད་ཐོན་རིང་མང་ཚོགས་ཀྱི་ནད་ལྟ་བ་དང་སྨན་པ་བསྟེན་པའི་དཀའ་གནད་སེལ་བར་དམིགས་ཏེ། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་ཀྲང་ཀེན་ཡུན་གྱིས་རང་སྐྱོང་ལྗོངས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག བྱེད་ཐབས་སྣ་མང་སྤྱད་དེ་རིམས་ནད་ཐོན་རིང་མང་ཚོགས་ཀྱི་རྒྱུན་གཏན་གྱི་སྨན་བཅོས་ཞབས་ཞུའི་དགོས་མཁོ་ཧུར་ཐག་བསྐངས་ནས་མང་ཚོགས་ཀྱི་བདེ་ཐང་ཁེ་དབང་འགན་ལེན་ཡག་པོ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
ཡོངས་བསྒྲགས་ཚོགས་འདུ་འཚོག་ཡུལ།
སྨན་བཅོས་ཐོན་ཁུངས་ཀྱི་བཀོད་པ་ལེགས་སུ་བཏང་བ།
ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྨན་ཁང་དང་སྟག་རྩེ་ཆུས་མི་དམངས་སྨན་ཁང་ནི། “ཨང་རྟགས་དམར་པོའི”སྨན་ཁང་ཡིན་ཞིང་། དེ་གར་ཉེན་ཁ་ཆེ་བའི་ཁུལ་དང་ལོགས་འཇོག་བྱ་ཡུལ་གྱི་མི་སྣ་དང་། ཐད་འབྲེལ་པ། བརྒྱུད་འབྲེལ་པ་བཅས་ལ་རྒྱུན་གཏན་གྱི་སྨན་བཅོས་ཞབས་འདེགས་ཞུ་གི་ཡོད།
རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། རང་སྐྱོང་ལྗོངས་སྨན་རྩིས་ཁང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་བཅས་ནི། རྒྱུན་གཏན་གྱི་སྨན་བཅོས་འགན་ལེན་བྱེད་པའི་ཕྱོགས་བསྡུས་སྨན་ཁང་ཡིན་ཞིང་། དེ་གར་ཉེན་ཁ་ཆེ་འབྲིང་ཁུལ་གྱི་མི་དང་གཙོ་གནད་མི་ཚོགས་མིན་པར་སྨན་བཅོས་ཞབས་འདེགས་ཞུ་གི་ཡོད།
རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་དང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ། རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་བཅས་ནི། ཏོག་གསར་གློ་ཚད་ཀྱི་གནས་གཏན་འཁེལ་གྱི་སྐྱོབ་བཅོས་སྨན་ཁང་ཡིན་ཞིང་། དེ་གར་གཅིག་སྡུད་ཀྱིས་བསྐྱལ་བའི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་བསྡུས་ནས་སྨན་བཅོས་སྐྱོབ་བཅོས་ཞབས་འདེགས་ཞུ་གི་ཡོད།
གཙོ་གནད་མི་ཚོགས་ཀྱིས་སྨན་པ་བསྟེན་པར་འགན་སྲུང་ཡོད་པ།
ནད་གཞི་ཚབས་ལྕི་བ་དང་སྲོག་ཉེན་ཡོད་པའི་ནད་པར(གཟའ་ཕོག་པ་དང་། བྲང་གཟེར་རྒྱག་པ། རྨས་སྐྱོན་ཚབས་ཆེན་ཕོག་པ། དྲན་པ་ཐོར་བ། ཚ་བ་ཤུགས་ཆེན་བརྒྱབ་པ། ཕྲུ་གུ་བཙའ་བ་སོགས)སྨན་བཅོས་བྱེད་སྐབས་སྡེ་ཁུལ་གྱི་ལས་དོན་མི་སྣར་དུས་ཐོག་ཏུ་འབྲེལ་བ་བྱས་ཏེ་མྱུར་སྐྱོབ་རླངས་འཁོར་120གྱིས་སྐྱེལ་གྱི་ཡོད། བསྐྱལ་ནས་སྨན་བཅོས་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་གདུབ་ཟུམ་གྱི་དོ་དམ་བྱེད་པ་དང་སྦྲགས་སྡེ་ཁུལ་གྱིས་ལས་དོན་མི་སྣ་བཀོད་སྒྲིག་བྱས་ཏེ་རོགས་པར་གཏོང་གི་ཡོད།
ཁྲག་གཙང་སེལ་བྱེད་དགོས་པའི་ནད་པས་རང་འགུལ་ངང་སྡེ་ཁུལ་ལ་སྙན་སེང་ཞུ་དགོས་པ་དང་། སྡེ་ཁུལ་གྱིས་ཆེད་བསྐོས་མི་སྣ་དང་རླངས་འཁོར་སྒྲིག་འཛུགས་བྱས་ཏེ་ནད་པ་གནས་གཏན་འཁེལ་གྱི་ཁྲག་གཙང་སེལ་བྱེད་སར་སྐྱེལ་གྱི་ཡོད།
རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཙོ་གནད་ས་ཁོངས་ཀྱི་མི་སྣ་དང་། གཅིག་སྡུད་ལོགས་འཇོག་གསོ་རིག་བརྟག་དཔྱད་ཀྱི་མི་སྣ། ཁྱིམ་སྡོད་ལོགས་འཇོག་གསོ་རིག་བརྟག་དཔྱད་ཀྱི་མི་སྣ། ཁྱིམ་སྡོད་བདེ་ཐང་བརྟག་དཔྱད་ཀྱི་མི་སྣ་བཅས་ཀྱིས་སྨན་པ་བསྟེན་དགོས་ཚེ། སྡེ་ཁུལ་གྱི་ལས་དོན་མི་སྣར་འབྲེལ་བ་བྱེད་དགོས་པ་དང་། སྡེ་ཁུལ་གྱིས་ཆེད་མངགས་རླངས་འཁོར་བཀོད་སྒྲིག་བྱས་ནས་སྨན་བཅོས་བྱེད་པར་སྐྱེལ་བ་དང་། མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་དགོས་ལ་བརྒྱུད་རིམ་ཧྲིལ་པོར་གདུབ་ཟུམ་གྱི་དོ་དམ་བྱེད་ཀྱི་ཡོད།