ཚེས་29ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ཉེར་གཅིག་པ་འཚོགས་ནས། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་དང་། འཚོ་བའི་མཁོ་ཆས་མཁོ་སྤྲོད་འགན་ལེན་དང་ཟོག་འགྲེམས་ཤར་གཏོང་འགན་ལེན་སོགས་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཟླ་8ཚེས་28ཉིན་གྱི་ཆུ་ཚོད་0ནས་24བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་གཏན་འཁེལ་ནད་དཔེ་24(ལྷ་ས་གྲོང་ཁྱེར་ལ་ནད་དཔེ་12དང་། ལྷོ་ཁ་གྲོང་ཁྱེར་ལ་ནད་དཔེ་1 ཆབ་མདོ་གྲོང་ཁྱེར་ལ་ནད་དཔེ་7 ནག་ཆུ་གྲོང་ཁྱེར་ལ་ནད་དཔེ་4)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་570(ལྷ་ས་གྲོང་ཁྱེར་ལ་252དང་། གཞིས་རྩེ་གྲོང་ཁྱེར་ལ་171 ལྷོ་ཁ་གྲོང་ཁྱེར་ལ་8 ཉིང་ཁྲི་གྲོང་ཁྱེར་ལ་5 ཆབ་མདོ་གྲོང་ཁྱེར་ལ་5 ནག་ཆུ་གྲོང་ཁྱེར་ལ་92 མངའ་རིས་ས་ཁུལ་ལ་37)མང་དུ་ཕྱིན་ཡོད་པ་རེད།
ཟླ་8ཚེས་29ཉིན་གྱི་ཆུ་ཚོད་0ནས་14བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་ནད་དཔེ་11(ལྷ་ས་གྲོང་ཁྱེར་ལ་ནད་དཔེ་2དང་། གཞིས་རྩེ་གྲོང་ཁྱེར་ལ་ནད་དཔེ་1 ཉིང་ཁྲི་གྲོང་ཁྱེར་ལ་ནད་དཔེ་1 ཆབ་མདོ་གྲོང་ཁྱེར་ལ་ནད་དཔེ་2 ནག་ཆུ་གྲོང་ཁྱེར་ལ་ནད་དཔེ་5 མངའ་རིས་ས་ཁུལ་ལ་ནད་དཔེ་1)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་172(ལྷ་ས་གྲོང་ཁྱེར་ལ་92དང་། གཞིས་རྩེ་གྲོང་ཁྱེར་ལ་30 ལྷོ་ཁ་གྲོང་ཁྱེར་ལ་7 ཆབ་མདོ་གྲོང་ཁྱེར་ལ་4 ནག་ཆུ་གྲོང་ཁྱེར་ལ་31 མངའ་རིས་ས་ཁུལ་ལ་8)མང་དུ་ཕྱིན་ཡོད་པ་རེད།
ཟླ་8ཚེས་28ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ཁྱོན་ཉེན་ཁ་ཆེ་བའི་ཁུལ་380དང་ཉེན་ཁ་འབྲིང་བའི་ཁུལ་198ཡོད་པ་རེད།
ཟླ་8ཚེས་28ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ནད་པ་259དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་། རྟགས་མེད་ནད་དུག་འགོས་པ་14087ལ་ལོགས་བཀར་གསོ་རིག་བརྟག་དཔྱད་བྱེད་མཚམས་བཞག་པ་རེད། མིག་སྔར། མི་60882ལ་གཅིག་སྡུད་ལོགས་བཀར་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།
ཟླ་8ཚེས་29ཉིན་གྱི་ཆུ་ཚོད་16བར་ཉིང་ཁྲི་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་སུ་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། ལྷ་ས་གྲོང་ཁྱེར་དུ་སྤྱིར་ན་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་ཐུབ་པ་དང་། གཞིས་རྩེའི་རྫོང་16ཏུ་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་ཐུབ་ཡོད་པ་རེད།
རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཆོས་དར་གྱིས། ལྗོངས་ཡོངས་ཀྱི་རིམ་ཁག་མཁོ་སྤྲོད་འགན་ལེན་དང་ཤར་གཏོང་འགན་ལེན་སོགས་ཀྱི་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ས་ཁོངས་ལས་བརྒལ་བའི་ཟོག་ཁུངས་སྒྲིག་འཛུགས་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། “ཐོགས་མེད་བགྲོད་ལམ”ཤར་གཏོང་བྱེད་པ། རིམས་འགོག་དངོས་རྫས་དང་འཚོ་བའི་དངོས་རྫས་གལ་ཆེན་སྐྱེལ་འདྲེན་དང་མཁོ་སྤྲོད་ལས་དོན་ཏན་ཏིག་སྒྲུབ་པ། གྲབས་གསོག་དང་། དབོར་འདྲེན། སྡེབ་ཚོང་། སིལ་ཚོང་སོགས་ཀྱི་ལྷུ་ཚིགས་ནུས་ཤུགས་ཡོད་རྒུས་ཤར་གཏོང་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་མཁོ་ཆས་སྡེབ་སྐྱེལ་བྱེད་པའི“མཐའ་མའི་འགག་གནད”དང“ཆེས་མཐའ་མའི་འགག་གནད”སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བཅས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་འགག་རྩའི་དུས་མཚམས་དང་འགག་རྩའི་དུས་སུ་འབྲུ་རིགས་དང་། སྣུམ། ཤ སྒོ་ང་། འོ་མ། སྔོ་ཚལ་སོགས་གཞི་རྩའི་དམངས་འཚོའི་རྒྱུ་ཆ་འགན་ལེན་ཏན་ཏིག་བྱས་ནས་དངོས་ཟོག་རྒྱུན་མི་ཆད་པ་དང་ཚོང་ཟོག་འཚོང་རྒྱུ་རྒྱུན་མི་ཆད་པར་བྱས་ཡོད་ཅེས་གསུངས་པ་རེད།
རང་སྐྱོང་ལྗོངས་ཚོང་དོན་ཐིང་ཏང་ཙུའི་ཁོངས་མི་ཐིང་ཀྲང་གཞོན་པ་ཀྲོའུ་ཨན་གྱིས་གསར་འགོད་པའི་དྲི་བར་ལན་བསྐྱོན་སྐབས། མིག་སྔར་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད། ཇི་ལྟར་བྱས་ཏེ་མང་ཚོགས་ཀྱིས་ཕན་འབྲས་ཆེ་ལ་སྟབས་བདེའི་སྒོ་ནས་འཚོ་བའི་མཁོ་ཆས་ཉོ་ཐུབ་མིན་ཐད་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། དེར་བརྟེན་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་འཚོ་བའི་མཁོ་ཆས་མཁོ་སྤྲོད་འགན་ལེན་བྱེད་པའི་མཇུག་སྣེའི་སྡེབ་སྐྱེལ་ལས་དོན་ལ་མཛུབ་ཁྲིད་བྱས་ནས་གྲོང་གསེབ་ཀྱི་འཚོ་བའི་མཁོ་ཆས་མཁོ་སྤྲོད་ཡག་པོ་བྱེད་དགོས་པའི་བརྡ་ཐོ་ཆེད་མངགས་བཀྲམ་སྟེ། ས་གནས་ཁག་གི་ཚོང་དོན་སྡེ་ཚན་གྱིས་ཡུག་ཁུལ་དང་དྲ་མིག་དོ་དམ་གྱི་བླང་བྱ་གཞིར་བཟུང་། མཁོ་སྤྲོད་འགན་ལེན་དང་སྡེབ་སྐྱེལ་ཁྱབ་ཁོངས་དབྱེ་ནས་མཁོ་སྤྲོད་འགན་ལེན་དང་སྡེབ་སྐྱེལ་ཁེ་ལས་ཁ་གསལ་བཟོ་བ་དང་། མཁོ་སྤྲོད་འགན་ལེན་གྱི་ཁེ་ལས་དང་དྲ་མིག་ཚན་པའི་ལས་དོན་གྱི་འགན་འཁྲིར་མཐུན་སྦྱོར་བྱས་ཏེ། སྡེབ་སྐྱེལ་དྲ་མིག་ཅན་དུ་འགྱུར་བ་བྱེད་དགོས་པའི་མཛུབ་ཁྲིད་བྱས་ཡོད། མིག་སྔར་གྲོང་ཁྱེར་དང་ས་ཁུལ་ཁག་གིས་སྤྱིར་ན་ཡུག་ཁུལ་དང་དྲ་མིག་ཅན་གྱི་བྱེད་ཐབས་སྤྱད་དེ་སྤྱི་ཚོགས་ཐོག་འཚོ་བའི་དངོས་ཟོག་སྡེབ་སྐྱེལ་ཚབ་ཉོའི་བརྡ་ཁྱབ་བཏང་ནས། མཁོ་སྤྲོད་འགན་ལེན་དང་སྡེབ་སྐྱེལ་ཁེ་ལས་ཁ་གསལ་བཟོ་བ་དང་། “ཐོགས་མེད་བགྲོད་ལམ”གཏོད་པ། “སྡེ་ཁུལ་གྱི་སྔོ་ཚལ་ཐད་གཏོང་རླངས་འཁོར”དང“རེག་ཐུག་མེད་པའི”སྡེབ་སྐྱེལ་ཞབས་ཞུ་བཅས་ཀྱི་ལས་དོན་སྒྲུབ་བཞིན་ཡོད་ཅེས་གསུངས་པ་རེད།
རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱི་ཨུ་ཡོན་ཐིང་ཀྲང་གཞོན་པ་ནོར་བུ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཉིན་ཤས་བསྟུད་མར་རང་སྐྱོང་ལྗོངས་ཀྱི་ཟོག་འགྲེམས་ཤར་གཏོང་འགན་ལེན་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཁོངས་མིའི་ཚན་པ་དང་གྲོང་ཁྱེར(ས་ཁུལ)ཁག་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ། ཉིན་མཚན་བསྟུད་མར་ལས་དོན་བསྒྲུབས་ནས་གློག་རྡུལ་ལམ་ཡིག་སྤྲོད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཤར་བགྲོད་ཀྱི་ཆ་རྐྱེན་དང་མཐུན་པའི་ཟོག་འདྲེན་རླངས་འཁོར་ལ“ཐོགས་མེད་བགྲོད་ལམ”ཧུར་ཐག་གཏོད་པ། འཕྲལ་སྡོམ་སྐྱེལ་འདྲེན་བྱེད་ཤུགས་དང་གཏོང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། གཞན་ཡུལ་དུ་ལུས་པའི་ཟོག་འདྲེན་རླངས་འཁོར་ཁ་འགྲེམས་བྱས་ཏེ་རྒྱ་ཆེའི་ཁོ་ལོ་བ་དང་འགྲུལ་པའི་གཞི་རྩའི་འཚོ་བ་འགན་ལེན་བཅས་བྱེད་ཀྱི་ཡོད།
མིག་སྔར། ལྗོངས་ཡོངས་སུ་བོད་ནས་འགྲོ་འོང་བྱེད་སའི་གཞུང་ལམ་དང་ལྗོངས་ནང་ཁུལ་གྱི་སྐྱེལ་འདྲེན་གཞུང་ལམ་སྤྱིར་ན་ཤར་གཏོང་བདེ་བླག་ཐུབ་པ་དང་ཟོག་འགྲེམས་འཁོར་སྐྱོད་གཞི་རྩའི་ཆ་ནས་རྒྱུན་ལྡན་དུ་གྱུར་ཡོད་པ་རེད། ཟླ་8ཚེས་29ཉིན་གྱི་ཆུ་ཚོད་12བར། ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་གློག་རྡུལ་ལམ་ཡིག་19686ཞིབ་མཆན་གྱིས་སྤྲད་པ་རེད། ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་རིམ་རྩིས་བྱས་ན་འཕྲལ་སྡོམ་ཟོག་འདྲེན་རླངས་འཁོར་435གྲབས་གསོག་བྱས་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་རིང་ས་གནས་ཁག་གིས་རིམ་རྩིས་བྱས་ན་འཕྲལ་སྡོམ་ཟོག་འདྲེན་རླངས་འཁོར་ཐེངས་གྲངས་992བཀོད་གཏོང་བྱས་ནས་འཕྲལ་སྡོམ་དངོས་ཟོག་སྣ་ཚོགས་ཏུན་8065སྐྱེལ་འདྲེན་བྱས་ཡོད་པ་རེད།
ས་གནས་ཁག་གཅིག་ལ་ལམ་ཡིག་སྤྲོད་ཤུགས་མི་འདང་བ་དང་། དངོས་ཟོག་སྐྱེལ་འདྲེན་བྱེད་རིང་འཕྲད་པའི“འགག་སྒོ་སྒྲོལ་དཀའ་བ”དང་ཟོག་འདྲེན་རླངས་འཁོར་དམིགས་སར་འབྱོར་རྗེས་གང་དུ་འགྲོ་དགོས་མིན་གསལ་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ནོར་བུ་ཚེ་རིང་གིས་རང་སྐྱོང་ལྗོངས་ཀྱི་ཟོག་འགྲེམས་ཤར་གཏོང་འགན་ལེན་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་གྲོང་ཁྱེར་དང་ས་གནས་ཁག་གི་ཟོག་འགྲེམས་ཤར་གཏོང་འགན་ལེན་ལས་དོན་གྱི་སྒྲིག་འཛུགས་དང་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཟོག་འགྲེམས་ཤར་གཏོང་འགན་ལེན་ལས་དོན་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ནང་དོན་གལ་ཆེན་དང་རྨང་གཞིའི་འགན་ལེན་ལ་བརྩིས་ནས་བཀོད་སྒྲིག་དང་དོན་འཁྱོལ་ནན་ཏན་གྱིས་ཟོག་འགྲེམས་སྐྱེལ་འདྲེན་ཁྲོད་ཐོན་པའི་མངོན་གསལ་དོད་པའི་གནད་དོན་དང་འགལ་བ་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།