ཚེས་27ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅུ་དགུ་པ་འཚོགས་ནས། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་དང་། མ་དངུལ་འགན་ལེན་དང་། དངུལ་རྩའི་ཞབས་ཞུ། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་སོགས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་གཞོགས་འདེགས་བྱེད་བཞིན་ཡོད་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཟླ་8ཚེས་26ཉིན་གྱི་ཆུ་ཚོད་0ནས་24བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་གཏན་འཁེལ་ནད་དཔེ་34(ལྷ་ས་གྲོང་ཁྱེར་ལ་ནད་དཔེ་14དང་། གཞིས་རྩེ་གྲོང་ཁྱེར་ལ་ནད་དཔེ་2 ལྷོ་ཁ་གྲོང་ཁྱེར་ལ་ནད་དཔེ་3 ཉིང་ཁྲི་གྲོང་ཁྱེར་ལ་ནད་དཔེ་2 ཆབ་མདོ་གྲོང་ཁྱེར་ལ་ནད་དཔེ་12 ནག་ཆུ་གྲོང་ཁྱེར་ལ་ནད་དཔེ་1)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་419(ལྷ་ས་གྲོང་ཁྱེར་ལ་159དང་། གཞིས་རྩེ་གྲོང་ཁྱེར་ལ་140 ལྷོ་ཁ་གྲོང་ཁྱེར་ལ་25 ཉིང་ཁྲི་གྲོང་ཁྱེར་ལ་4 ཆབ་མདོ་གྲོང་ཁྱེར་ལ་4 ནག་ཆུ་གྲོང་ཁྱེར་ལ་44 མངའ་རིས་ས་ཁུལ་ལ་43)མང་དུ་ཕྱིན་ཡོད་པ་རེད།
ཟླ་8ཚེས་27ཉིན་གྱི་ཆུ་ཚོད་0ནས་14བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་ནད་དཔེ་17(ལྷ་ས་གྲོང་ཁྱེར་ལ་ནད་དཔེ་9་དང་། ཆབ་མདོ་གྲོང་ཁྱེར་ལ་ནད་དཔེ་2 ནག་ཆུ་གྲོང་ཁྱེར་ལ་ནད་དཔེ་6)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་164(ལྷ་ས་གྲོང་ཁྱེར་ལ་121དང་། གཞིས་རྩེ་གྲོང་ཁྱེར་ལ་7 ལྷོ་ཁ་གྲོང་ཁྱེར་ལ་5 ཉིང་ཁྲི་གྲོང་ཁྱེར་ལ་2 ཆབ་མདོ་གྲོང་ཁྱེར་ལ་7 ནག་ཆུ་གྲོང་ཁྱེར་ལ་8 མངའ་རིས་ས་ཁུལ་ལ་14)མང་དུ་ཕྱིན་ཡོད་པ་རེད།
ཟླ་8ཚེས་26ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ཁྱོན་ཉེན་ཁ་ཆེ་བའི་ཁུལ་578དང་ཉེན་ཁ་འབྲིང་བའི་ཁུལ་275ཡོད་པ་རེད།
ཟླ་8ཚེས་26ཉིན་མང་དུ་ཕྱིན་པའི་ནད་དཔེའི་ཁྲོད་ནད་དཔེ་53ནི་སྤྱི་ཚོགས་ཐོག་ནས་དབྱེ་བཤེར་བྱས་རྗེས་ཤེས་རྟོགས་བྱུང་བ་དང་། ནད་དཔེ་400ནི་ལོགས་བཀར་དོ་དམ་ཚོད་འཛིན་ཁུལ་ནས་ཤེས་རྟོགས་བྱུང་བ་རེད།
ཟླ་8ཚེས་26ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ནད་པ་190དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་། རྟགས་མེད་ནད་དུག་འགོས་པ་3532ལ་ལོགས་བཀར་གསོ་རིག་བརྟག་དཔྱད་བྱེད་མཚམས་བཞག་པ། (སྒྲོམ་ཚང་སྨན་ཁང་ནས་དོན་པ) ཐད་འབྲེལ་པ་7729ལ་གཅིག་སྡུད་ལོགས་བཀར་གྱི་བརྟག་དཔྱད་བྱེད་མཚམས་བཞག་པ། མིག་སྔར། མི་55452ལ་གཅིག་སྡུད་ལོགས་བཀར་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཆོས་དར་གྱིས། 8ཚེས་27ཉིན་གྱི་ཆུ་ཚོད་16བར་ཉིང་ཁྲི་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་སུ་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་ཐུབ་པའི་གྲོང་ཁྱེར(ས་ཁུལ)གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བོད་ཀྱི་ལས་དོན་ཚོགས་ཆུང་གི་མཛུབ་ཁྲིད་བླང་བྱ་ལྟར་རིམ་དབྱེ་དང་རིགས་དབྱེའི་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་མུ་མཐུད་སྤྱད་དེ། ཐོབ་པར་དཀའ་བའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་གཏོང་རྒྱུ་རེད་ཅེས་གསུངས་པ་རེད།
རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཏང་ཙུའི་ཁོངས་མི་རིམ་པ་དང་པོའི་སྐོར་གཟིགས་པ་སུན་ཅིན་ལིང་གིས་ངོ་སྤྲོད་བྱས་དོན། རིམས་ནད་ཐོན་པ་ནས་བཟུང་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམག་འཐབ་ནང་ཞུགས་ནས་ནོར་སྲིད་ཀྱི་འགན་ནུས་འདོན་སྤེལ་ཧུར་ཐག་བྱས་ཏེ་ཁྱོན་སྒོར་དུང་ཕྱུར་2.35ལྗོངས་ཡོངས་ཀྱི་རིམས་འགོག་དངོས་ཟོག་ཉོ་སྒྲུབ་ལ་སྤྱད་ཡོད། གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲོན་དངུལ་འགན་ལེན་བྱས་ནས་མ་དངུལ་གྱི་གནད་དོན་རྐྱེན་པས་སྐྱོབ་བཅོས་དང་རིམས་ནད་སྔོན་འགོག་ཚོད་འཛིན་ནར་འགྱངས་གཏན་ནས་བྱེད་མི་སྲིད། དེ་དང་དུས་མཚུངས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ཡག་པོ་དང་། མ་དངུལ་དང་ཐོན་ཁུངས་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ནོར་སྲིད་ཀྱི་འགན་ལེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་ཀྱི་སྲིད་ཇུས་གལ་ཆེན་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཏང་ཨུད་ཀྱི་ཨུ་ཡོན་སྤྱི་ཁྱབ་རྩིས་བཤེར་ཆེ་མོ་བ་ལི་ལེ་ཡིས་ལྗོངས་ཡོངས་ཀྱིས་ཁྲལ་གྲོན་གཟིགས་སྐྱོང་གི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ངོ་སྤྲོད་གནང་བ་རེད། མིག་སྔར་ལྗོངས་ཡོངས་ཀྱི་ཁྲལ་འབྲེལ་བྱ་བ་233དྲ་ཐོག་ཏུ་གཉེར་ཆོག་པས་སྤྱི་ཚོགས་འགན་སྲུང་དང་། སྨན་བཅོས་འགན་བཅོལ་ཚན་པ། མི་སྒེར་གྱི་གྲོན་དངུལ་འཇལ་རྒྱུ་བཅས་ཚང་མ་དྲ་ཐོག་ནས་གཉེར་ཆོག་གི་ཡོད། ཟླ་8ཚེས་25ཉིན་བར་ལྗོངས་ཡོངས་ཀྱི་ཁྲལ་འཇལ་བ་94%ཡིས་ཟླ་འདིའི་ཁྲལ་འཇལ་འདུན་ཞུ་ལེགས་གྲུབ་བདེ་བླག་ཐུབ་ཡོད། ཁྲལ་འཇལ་བ་དང་ཁྲལ་སྤྲོད་མཁན་གྱི་ཟླ་རེའི་རེ་ཞུའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱ་ཆེད། ཟླ་བརྒྱད་པར་ཁྲལ་འཇལ་རེ་ཞུའི་དུས་ཚད་ཟླ་8ཚེས་26ཉིན་བར་ནར་འགྱངས་བྱས་པ་མ་ཟད། རེ་ཞུ་བྱེད་དཀའ་བའི་ཁྲལ་འཇལ་བས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔྱ་ཁྲལ་བསྡུ་ལེན་དོ་དམ་གྱི་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་བདུན་པའི་གཏན་འབེབས་གཞིར་བཟུང་རེ་ཞུའི་དུས་ཚད་སྔར་བས་ནར་འགྱངས་འགྲོ་ལུགས་གཉེར་ཆོག་ཅེས་ངོ་སྤྲོད་གནང་བ་རེད།
“རིམས་ནད་ཀྱིས་རྐྱེན་པས་དངུལ་བུན་འཇལ་དུས་ཡོལ་ནས་ཡིད་རྟོན་མི་ལེགས་པ་བཟོས་པའི”གནད་དོན་ཐད། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་དངུལ་ལོར་ཡིད་རྟོན་དངུལ་བུན་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཧོ་ཁྲེང་གིས། 《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཡིད་རྟོན་ཁེ་དབང་འགན་ལེན་ལས་དོན་སྐོར་གྱི་ཀྲུང་གོ་མི་དམངས་དངུལ་ཁང་གཞུང་དོན་ཐིང་གི་མཛུབ་ཁྲིད་བསམ་འཆར》གཞིར་བཟུང་། ཏོག་གསར་རིམས་ནད་དབང་གིས་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པའམ་ཡང་ན་ལོགས་བཀར་མི་སྣ་དང་། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དགོས་མཁོའི་དབང་གིས་ལོགས་བཀར་ལྟ་ཞིབ་བྱས་ཀྱང་སྨན་ཁང་དུ་ལོགས་སུ་བཀར་མེད་མཁན། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་སྒྲུབ་མི་སྣ(དཔེར་ན་སྲིད་གཞུང་གི་ལས་སྒྲུབ་མི་སྣ་དང་། སྨན་དོན་མི་སྣ། འབྲེལ་ཡོད་ལས་བྱེད་མི་སྣ་གཞན་དག) ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནས་གནས་སྐབས་འབབ་ཁུངས་མེད་པར་གྱུར་པའི་མི་སྒེར་དང་ཁེ་ལས་བཅས་ཀྱིས་དངུལ་བུན་གཉེར་སྐྱོང་ཁང་ལ་ཡིག་ཐོག་གི་འདུན་ཞུ་ཕུལ་ཆོག་པ་མ་ཟད། དངུལ་བུན་གཉེར་སྐྱོང་དངུལ་ཁང་གི་བླང་བྱ་ལྟར་དགོས་ངེས་ཀྱི་དཔང་རྟགས་དཔྱད་ཡིག་མཁོ་འདོན་བྱས་ནས་ཡིད་རྟོན་སྙན་ཞུའི་དུས་ཚོད་ཡོལ་བའི་ཟིན་ཐོ་ལུགས་མཐུན་ལེགས་སྒྲིག་བྱེད་དགོས་ཞེས་ལན་བསྐྱོན་པ་རེད།
དངུལ་རྩའི་སྒྲིག་གཞིས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་བསྡུ་དགོས་པའི་རྩིས་ཁྲའི་མ་དངུལ་གྱི་རྒྱུ་འཛིན་གཏའ་འཇོག་སོགས་ཀྱི་མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱེད་རྒྱུར་མཛུབ་ཁྲིད་དང་། ལྟེ་བའི་ཁེ་ལས་ཀྱིས་གོང་འོག་ཁེ་ལས་ལ་མཁོ་སྤྲོད་འཁོར་སྦྲེལ་གྱི་མ་དངུལ་བསྡུ་སྒྲིལ་བྱེད་རོགས་ལ་ཁྲིད་སྟོན་བྱེད་རྒྱུ་མ་ཟད། བསྐྱར་དུ་སྔ་འདོན་གྱི་རྒྱབ་སྐྱོར་ཧུར་ཐག་ཀྱང་བྱེད་རྒྱུ་རེད། སྲིད་ཇུས་རང་བཞིན་དང་གསར་སྤེལ་རང་བཞིན་གྱི་དངུལ་རྩའི་ཡོ་ཆས་དང་ཡིད་རྟོན་དངུལ་བུན་གྱི་དངུལ་གྲངས་འདང་ངེས་ཡག་པོ་སྤྱད་དེ་རྨང་གཞིའི་སྒྲིག་བཀོད་སོགས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་རེད།