རིམས་ནད་ཀྱི་མདུན་དུ་ལོགས་བཀར་མི་སྣར་དོ་ཁུར་ལྷག་པར་བྱེད་དགོས་ཤིང་། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་ནས་ལོགས་བཀར་མི་སྣར་འཚོ་བའི་མཁོ་ཆས་སྤྲད་དེ། ལུས་སེམས་ཀྱི་གནོན་ཤུགས་ཆུང་དུ་བཏང་བ་དང་། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བར་བྱས་པ་རེད།
སྣ་དཀར་རྩེ་རྫོང་གི་ལོགས་བཀར་ས་ཚིགས་ཀྱི་ལས་དོན་མི་སྣ་ཚེ་རིང་བཀྲ་ཤིས་ཀྱིས། “ལོགས་བཀར་མི་སྣའི་དགོས་མཁོ་སྐོང་གང་ཐུབ་བྱ་ཆེད། ང་ཚོས་བརྙན་ལམ་དང་། ཁ་པར། སྐད་འཕྲིན་ཚོགས་པ་སོགས་ནས་ཁོང་ཚོ་དང་འབྲེལ་བ་བྱས་ཏེ། ཁོང་ཚོའི་འཚོ་བའི་གནས་ཚུལ་ཤེས་རྟོགས་དང་ཟ་མ་དང་འཚོ་བའི་མཁོ་ཆས་བསྐྱལ་བ་དང་། དེ་བཞིན་བདེ་ཐང་ལྟ་ཞིབ་ཚད་ལེན་སོགས་ཀྱི་ངོ་ཐུག་གི་གོ་སྐབས་སྤྱད་ནས། ཁོང་ཚོར་བློ་བདེའི་ངང་ལོགས་བཀར་སྡོད་པའི་སེམས་ཤུགས་འཕེལ་བར་བྱས་པ་དང་། རྒྱབ་ཕྱོགས་ཀྱི་སེམས་ཁྲལ་བསལ་བ་ཡིན”ཞེས་བརྗོད།
“སྨན་དོན་མི་སྣ་དང་དང་བླངས་པ་ཚོས་ལྟ་རྟོག་ཡག་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོ་ཡོད་པས་ང་ཚོ་བློ་བདེ་པོ་འདུག སྣ་དཀར་རྩེ་རྫོང་ཡར་འབྲོག་གསོལ་མགྲོན་ཁང་གི་ལོགས་བཀར་ས་ཚིགས་སུ། གྲམ་མདའ་ཤང་ཤར་ལྕེ་གྲོང་ཚོའི་གྲོང་མི་ཟླ་བ་དབང་འདུས་ཀྱིས་རྩམ་པ་དང་ཇ་ཐང་ལེན་རིམ་བཞིན་སྒོ་རྩ་ནས་ལས་དོན་མི་སྣར་ཐུགས་རྗེ་ཆེ་ཞུ་གི་ཡོད”
“རིམས་ནད་ཐོན་རིང་ཁྱེད་ཚོ་སྐུ་ལས་ཁག་པོ་བྱུང་སོང་། རིམས་ནད་སྔ་ཙམ་མཇུག་འགྲིལ་རྒྱུའི་རེ་བ་ཡོད། བོད་ལྗོངས་ཤུགས་རྒྱོབ”སྣ་དཀར་རྩེ་རྫོང་གི་དང་བླངས་པ་བཀྲ་དོན་གྱིས། ལོགས་བཀར་ས་ཚིགས་སུ་ལས་ཀ་བྱེད་སྐབས་ང་ཚོར་ཐུགས་རྗེ་ཆེ་ཞུ་མཁན་མང་པོ་བྱུང་བ་མ་ཟད། མི་སེམས་འགུལ་བའི་གནས་ཚུལ་ཡང་མང་པོ་ཐོན་སོང་ཞེས་བརྗོད།
“སྐུ་ཁམས་བཟང་། ང་ནི་ལོགས་བཀར་ས་ཚིགས་ཀྱི་ལས་དོན་མི་སྣ་ཡིན། ཁྱེད་ཚོ་དེ་གར་གོམས་ཀྱི་འདུག་གམ། གཟུགས་པོ་གང་འདྲ་འདུག འཚོ་བའི་ཐད་ང་ཚོས་རོགས་རམ་གང་བྱེད་དགོས་འདུག་གམ”ཞེས་ལས་དོན་མི་སྣས་བརྙན་ལམ་བརྒྱུད་ང་ཚོར་ཐུགས་ཁུར་གྱི་སྐད་ཆ་དེ་འདྲ་དྲིས་པ་ཐོས་སྐབས། ཡར་འབྲོག་གསོལ་མགྲོན་ཁང་དུ་ལོགས་བཀར་དུ་བཞག་པའི་ཨ་ཅག་པའེ་ལགས་ཀྱིས་སེམས་འགུལ་ཐེབས་བཞིན“ཁྱེད་ཚོས་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱོགས་ཚང་མ་ནས་ཞུ་དགོས་མི་འདུག ཡིན་ནའང་འདི་གར་ཧུད་རིགས་ཀྱི་བཟའ་མ་མཁོ་འདོན་བྱེད་ཐུབ་བམ”ཞེས་བརྗོད།
ལས་དོན་མི་སྣས་འཕྲལ་དུ་གནས་ཚུལ་དག་རིམས་འགོག་སྡེ་ཚན་ལ་ཞུས་པ་དང་། ཉིན་དེའི་ཕྱི་དྲོ་ཨ་ཅག་པའེ་ལགས་ཀྱིས་སྣ་དཀར་རྩེ་རྫོང་གི་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུའི་ལྟེ་གནས་ཀྱིས་ཁོང་ལ་མཁོ་འདོན་བྱས་པའི་ཧུད་རིགས་ཟ་མ་ལོངས་སུ་སྤྱོད་རྒྱུ་བྱུང་བ་རེད།
“དེ་རིང་ནི་ཉིན་གསར་པ་ཞིག་ཡིན། ཚང་མས་ངེས་པར་དུ་མི་སྒེར་གྱི་འཕྲོད་བསྟེན་ལ་དོ་སྣང་བྱས་ཏེ་ལག་པ་ཡང་སེ་བཀྲུ་བ་དང་། ལུས་སྦྱོང་འོས་འཚམ་བྱེད་པ། སེམས་ཁམས་ཡག་པོ་ཞིག་འཁྱེར་བ་བཅས་བྱེད་དགོས” “ཨ་ཅག ནང་གི་དོན་དག་ལ་སེམས་ཁྲལ་བྱེད་དགོས་མེད། ང་ཚོ་དང་བླངས་པས་ཁྱེད་ཀྱི་ཁྱིམ་གྱི་ཕྱུགས་ཟོག་ལ་གཡོག་བྱེད་ཡག་པོ་བྱས་ཆོག ”སྣ་དཀར་རྩེ་རྫོང་གི་ལོགས་བཀར་ས་ཚིགས་ཀྱི་ལས་དོན་མི་སྣས་ཁ་པར་དང་དྲ་བ་བརྒྱུད་ལོགས་བཀར་མི་སྣ་དང་སྤེལ་རེས་བྱེད་པ་དང་། ངག་འཇམ་པོས་ཁོང་ཚོར་སེམས་གསོ་བཏང་ནས་ཁོང་ཚོར་རིམས་ནད་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་ཆེ་རུ་གཏོང་རོགས་བྱས་ཡོད་པ་རེད།
ལོགས་བཀར་ནས་གྲོལ་བའི་མི་སྣ་བདེ་འཇགས་ངང་ཁྱིམ་དུ་ལོག་པ་དང་སྣ་དཀར་རྩེ་རྫོང་གི་ལོགས་བཀར་ས་ཚིགས་ཀྱི་སྐད་འཕྲིན་ཚོགས་པའི་ནང“ལས་དོན་མི་སྣ་ཡོངས་ཀྱིས་ང་ཚོར་ཐུགས་ཁུར་དང་ལྟ་རྟོག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རྣམ་པ་ཡོད་པའི་དབང་གིས་ང་ཚོས་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་ཐུབ”ཅེས་པའི་སྐད་ཆ་དུམ་བུ་ཞིག་འབྱོར།