འབྲི་ཆུ་འཕྲེད་བཅད་ཀྱི་ཟམ་པ་དེས་ཁྲོན་བོད་འབྲེལ་ཞིང་། གྲུ་པ་རོང་འབྲི་ཆུ་ཟམ་ཆེན་ནི་སི་ཁྲོན་དཀར་མཛེས་ཀྲོའུ་འབའ་ཐང་རྫོང་དང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གི་བགྲོད་ལམ་གལ་ཆེན་ཞིག་རེད་ལ། རྒྱལ་ལམ་318བརྒྱུད་ནས་ཁྲོན་བོད་དུ་བསྐྱོད་པའི་མཚམས་ཚིཌ་གལ་ཆེན་ཞིག་དེ་བས་རེད།
གློ་བུར་དུ་ཐོན་པའི་རིམས་ནད་ཀྱིས་རྐྱེན་པས་མི་སྣ་དང་རླངས་འཁོར་གྲུ་པ་རོང་གི་རིམས་འགོག་ས་ཚིགས་སུ་ལུས། རིམས་ནད་ཕྱིར་གཏན་ནས་མི་མཆེད་པ་དང་ཡུལ་སྐོར་བ་བདེ་འཇགས་ངང་བོད་ནས་ཁ་བྲལ་ཐུབ་པའི་འགན་ལེན་བྱ་ཆེད། སྨར་ཁམས་རྫོང་གི་ལས་བྱེད་པ་དང་དགེ་རྒན་47ལས་གྲུབ་པའི་གྲུ་པ་རོང་གི་རིམས་འགོག་འཕྲལ་སྒྲུབ་རུ་ཁག་གིས་གྲུ་པ་རོང་གི་རིམས་འགོག་ས་ཚིགས་སུ་འཕྲལ་མར་ལས་དོན་སྤེལ་བ་རེད།
ཟླ་8ཚེས་13ཉིན་གྱི་ཕྱི་དྲོ། ཁག་ཐེངས་དང་པོའི་འཕྲལ་སྒྲུབ་རུ་མི་32དེ་གར་འབྱོར་ཞིང་། ཉེ་དུས་ཀྱི་གཙོ་གནད་ལས་དོན་དང་འགན་འཁྲི་དང་ལས་འགན་ཁ་གསལ་བཟོས་རྗེས་ཚང་མས་རང་རང་གི་ལས་བགོས་གཞིར་བཟུང་ལས་དོན་སྤེལ་འགོ་ཚུགས།
“ཉིན་དང་པོའི་མཚན་མོར་གུར་ཡག་པོ་བརྒྱབ་མ་ཐུབ་པ་དང་ཉལ་ཆས་སོགས་མེད་པའི་རྐྱེན་གྱིས་འཕྲལ་རྒོལ་རུ་མི་ཚོས་ཤོག་པང་བཏིང་ནས་ཉལ། ཐོ་རེངས་ཆུ་ཚོད་ལྔ་པ་དྲུག་པ་ཙམ་ལ་འཁྱགས་ནས་གཉིད་ལས་སད་བྱུང”ཞེས་འཕྲལ་སྒྲུབ་རུ་ཁག་གི་རུ་དཔོན་གཡོད་ཧུང་མེ་ཡིས་བཤད།
གྲུ་པ་རོང་རིམས་འགོག་ས་ཚིགས་ཀྱིས་དེ་གར་ལུས་པའི་མི་སྣ་དང་རླངས་འཁོར་ཁག་དབྱེ་བའམ་གོ་རིམ་ལྡན་པའི་སྒོ་ནས་ཤར་གཏོང་བྱས་པ་བརྒྱུད། རྒྱལ་ལམ་318ཤར་གཏོང་ཐུབ་པའི་འགན་ལེན་གང་ཐུབ་བྱས་པ་རེད། འཕྲལ་སྒྲུབ་རུ་ཁག་གིས་དུམ་བུ་དེར་གཏན་འཇགས་ཀྱི་རིམས་འགོག་ས་ཚིགས་3བཙུགས་ནས་དེར་ལུས་པའི་མི་སྣར་སྟབས་བདེའི་ཐུག་པ་དང་། མན་པའོ། གཏེར་ཆུ། ཆུ་འཁོལ་སོགས་འཚོ་བའི་མཁོ་ཆས་དང་ཏོག་གསར་གློ་ཚད་ཀྱི་ནད་འགོག་གཞི་རྐྱེན་བརྟག་དཔྱད་ཡོ་ཆས་སྤྲད་པ་རེད། ལྷག་པར་དུ་གཟུགས་པོ་བདེ་པོ་མེད་པ་དང་འཕྲལ་མར་སྨན་བཅོས་བྱེད་དགོས་པའི་མི་སྣར་འཕྲལ་སྒྲུབ་རུ་ཁག་གིས་འཕྲལ་མར་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་ལམ་སེང་ཟམ་པ་སྒྲོལ་ནས་སྨན་བཅོས་བྱེད་པར་སྐྱེལ་གྱི་ཡོད་པ་རེད།
གྲུ་པ་རོང་རིམས་འགོག་འཕྲལ་སྒྲུབ་རུ་ཁག་གི་སྤྱི་ཁྱབ་བཀོད་འདོམས་པ་སྨར་ཁམས་རྫོང་གི་རྫོང་དཔོན་གཞོན་པ་ཀྲོའུ་ཧྥུའུ་ཐིང་དངངས་སྐྲག་ཆེན་པོ་བྱུང་ཞིང་། ཟླ་8ཚེས་18ཉིན་གྱི་ཐོ་རེངས་ཆུ་ཚོད་5པར་ཀྲོའུ་ཧྥུའུ་ཐིང་འགོག་སྲུང་གྱོན་ཆས་གྱོན་ནས་འབྲི་ཆུའི་ཟམ་ཆེན་དཀྱིལ་དུ་ཡོང་སྟེ་གྲུ་པ་རོང་མངགས་གཏོང་ཁང་དང་འབའ་ཐང་རྫོང་གི་རིམས་འགོག་མི་སྣ་དང་འགྲོ་འོང་གི་ཆ་རྐྱེན་འཛོམས་པའི་རླངས་འཁོར་དང་མི་སྣའི་མིང་ཐོར་བསྐྱར་ཞིབ་ཡང་ཡང་བྱས་པ་དང་འབྲེལ། འབའ་ཐང་ཕྱོགས་ནས་གཏོང་ཆོག་པའི་བཀའ་བསྒུགས་ནས་བསྡད།
ཟམ་པ་གློད་པ་ནས་རླངས་འཁོར་མཐའ་མ་དེ་གྲུ་པ་རོང་གི་རིམས་འགོག་ས་ཚིགས་ནས་ཁ་མ་བྲལ་བར་ཀྲོའུ་ཧྥུའུ་ཐིང་གིས་ཟམ་པའི་དཀྱིལ་དུ་ལངས་ནས་ལས་ཀ་ཧུར་ཐག་བྱས། ཉིན་ཤས་བསྟུད་མར་ཉིན་མཚན་དབྱེར་མེད་ངང་ལས་ཀ་བྱས་པ་བརྒྱུད། ཁོང་དཀའ་ལས་ཧ་ཅང་ཁག་པོ་བྱུང་ཡོད་མོད། འོན་ཀྱང་ཀྲོའུ་ཧྥུའུ་ཐིང་གིས“དེ་གར་ལུས་པའི་མི་སྣ་བདེ་བླག་ངང་ཁྱིམ་དུ་འབྱོར་ན། དཀའ་ལས་ག་ཚོད་རྒྱག་དགོས་ཀྱང་འགྱོད་པ་མེད། ཁོང་ཚོ་ཁྱིམ་དུ་འབྱོར་ཐུབ་པ་བྱེད་པ་ནི་ང་ཚོའི་བསམ་འདུན་ཡིན”ཞེས་བཤད།
ཟླ་8ཚེས་18ནས་22ཉིན་གྱི་སྔ་དྲོ་བར། རིམས་རྩིས་བྱས་ན་རླངས་འཁོར་ཆེ་ཆུང་11438དང་མི་གྲངས་26048འབྲི་ཆུའི་ཟམ་ཆེན་བརྒྱུད་ནས་སི་ཁྲོན་དུ་བསྐྱོད་པ་རེད།