ཉེ་ཆར། ས་བབ་མཐོ་ཚད་སྨི་4700ལྷག་ཙམ་ཡོད་པའི་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་དུ་རྫོང་དེའི་ཏང་ཡོན་ལས་བྱེད་པ་25ལས་གྲུབ་པའི་འབྲོང་པ་རྫོང་གི་ཟོག་སྐྱེལ་དང་བླངས་ཞབས་ཞུ་རུ་ཁག་གིས་གོ་རིམ་ལྡན་པའི་ངང་དངོས་ཟོག་དབོར་སྐྱེལ་བྱེད་བཞིན་ཡོད་པ་རེད།
རིམས་ནད་ཐོན་པ་ནས་བཟུང་འབྲོང་པ་རྫོང་གི་ཟོག་སྐྱེལ་དང་བླངས་ཞབས་ཞུ་རུ་ཁག་གིས་ཉིན་མཚན་བསྟུད་མར་རིམས་འགོག་གི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། མིག་སྔའི་བར་དང་བླངས་ཞབས་ཞུ་རུ་ཁག་གིས་རིགས་ཁག་གི་རླངས་འཁོར་ཐེངས་60ལྷག་ཙམ་ནས་དངོས་ཟོག་ཕབ་པ་དང་། གུར་200ལྷག་ཙམ་དང་སྲིང་བལ་ཉལ་ཆས་དང་གདན་1000ལྷག་ཙམ། སྔོ་ཚལ་དང་། འབྲས། འཐུང་ཆུ་སོགས་འཚོ་བའི་དངོས་ཟོག་ཏུན་200ལྷག་ཙམ་དབོར་སྐྱེལ་གྱི་འགན་འཁུར་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དང་བླངས་ཞབས་ཞུ་རུ་ཁག་གི་རུ་མི་ཚོས་དངོས་ཟོག་འདོན་འཇུག་བྱེད་པའམ་ཡང་ན་སྒྲོམ་ཚང་སྨན་ཁང་བསྐྲུན་དགོས་པའི་ལས་འགན་འབྱོར་མ་ཐག་ཁོང་ཚོས་ལམ་སེང་བྱ་སྤྱོད་སྤེལ་གྱི་ཡོད་པ་རེད། ཟླ་8ཚེས་19ཉིན་གྱི་ཐོ་རེངས་ཆུ་ཚོད་དང་པོར་ཉིན་མཚན་དབྱེར་མེད་དུ་སྒྲོམ་ཚང་སྨན་ཁང་སྐྲུན་དགོས་པའི་ཛ་དྲག་བརྡ་ཐོ་འབྱོར་རྗེས་རུ་མི་ཚོས་འཕྲལ་མར་འབྲོང་པ་རྫོང་སློབ་འབྲིང་དུ་བསྐྱོད་དེ་བཤིག་པ་དང་། སྒྲིག་པ། དབོར་བ་སོགས་ཀྱི་ལས་རིམ་ཛ་དྲག་ལ་གོ་རིམ་ལྡན་པའི་ངང་སྤེལ་བ་དང་མཚན་མོ་དེ་རང་དུ་ཆུ་ཚོད་8ཙམ་གྱི་འབད་འཐབ་བྱས་པ་བརྒྱུད། ཞོགས་པའི་ཆུ་ཚོད་9པར་སྒྲོམ་ཚང་སྨན་ཁང་བདེ་བླག་ངང་བསྐྲུན་ཟིན་པ་རེད།