དབུ་ཤོག>ཆེད་སྒྲིག
  • ཤེས་དཔལ་སྦྲང་ཆར་ཟིལ་མས་དམངས་སེམས་ཀྱི་ཞིང་ས་བརླན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-29

    ཉེ་བའི་ལོ་ཤས་རིང་། ལྷ་རི་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ། མང་ཚོགས་ཀྱི་དགོས་མཁོར་དམིགས་ནས་ཤེས་དཔལ་ལག་ལེན་བྱེད་སྟངས་གསར་གཏོད་འཚོལ་ཞིབ་ཧུར་ཐག་བྱས་པའི་ཁར་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་། གོམས་སྲོལ་སྒྱུར་བ། ཚན་རིག་ཁྱབ་གདལ། དང་བླངས་ཞབས་ཞུ་སྒྲུབ་པ་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་པས། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་རྩ་བ་ཚུགས་ནས་ཕན་འབྲས་ཐོན་ཡོད།

    གར་སྟེགས་བསྐྲུན་པས་རིག་རྩལ་བྱེད་སྒོའི་ངོ་མཚར་མངོན་པ།

    ལྷ་རི་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་ལས་དོན་ནུས་ལྡན་ངང་བསྒྲུབ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་སྣ་ཚོགས་ཤིང་བང་རིམ་མང་ལ་ཕྱོགས་མང་བའི་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་ཆེད། ལྷ་རི་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་རིག་གནས་དམངས་ཕན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།

    ཉེ་ཆར། ལྷ་རི་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་སྒྲིག་འཛུགས་བྱས་ནས་སྤེལ་བའི་ཆེད་དོན་རིག་རྩལ་སྐོང་འཁྲབ་དེ་ཨར་རྩ་གྲོང་རྡལ་དྲེད་ཚང་གྲོང་ཚོར་འགོ་ཚུགས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཐུན་མོང་མ་ཡིན་པའི་སྙན་འཇེབས་འགྱུར་ཁུག་དང་། བྱུང་རིམ་ངོ་མཚར་ཆེ་བའི་གཏམ་རྒྱུད།

    བརྩེ་བས་ཕྱུག་པའི་འཁྲབ་སྟོན་བཅས་རེ་རེ་ཡིས་ལྟད་མོ་བ་རང་དབང་མེད་པར་མྱོས་ནས་དགའ་སྤྲོའི་ཐལ་མོའི་རྡེབ་སྒྲ་གྲགས་པ་དང་དགའ་འབོད་ཡང་ཡང་བྱེད།

    “མང་ཚོགས་གང་དུ་ཡོད་པ་དེར་ཤེས་དཔལ་ལག་ལེན་གྱི་བྱེད་སྒོ་སྣུར་སྲིང་བྱེད་པ་དང་། མང་ཚོགས་ལ་དགོས་མཁོ་གང་ཆེ་བ་རིག་རྩལ་དང་བླངས་ཞབས་ཞུས་མཁོ་འདོན་བྱེད་ཀྱི་ཡོད”ཅེས་ལྷ་རི་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཉི་མ་སྒྲོལ་མས་ངོ་སྤྲོད་བྱས་པ་དང་། ཁོང་གིས་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས“ཉེ་བཅར་གསུམ”གྱི་རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་དགོས་མཁོ་མི་འདྲ་བར་དམིགས་ཏེ་གླུ་གཞས་དང་། ཞབས་བྲོ། གཞས་མ་གཏམ་སོགས་ཀྱི་རྣམ་པ་མི་འདྲ་ཞིང་ཁྱད་ཆོས་མངོན་གསལ་དོད་པའི་རིག་རྩལ་བརྩམས་ཆོས་གསར་རྩོམ་བྱས་ཡོད་ཅེས་བཤད།

    “སྔོན་མ་ཚང་མའི་རིག་གནས་ཀྱི་བྱེད་སྒོ་རྐྱང་པ་ཡིན་པའི་ཁར་ཕྱིར་འཁྲབ་སྟོན་ལ་ལྟ་བར་འགྲོ་བའི་གོ་སྐབས་ཉུང་ཉུང་ཡིན། ད་ཆ་གྲོང་ཚོར་རིག་རྩལ་འཁྲབ་སྟོན་རུ་ཁག་བཙུགས་ནས་མང་ཚོགས་རང་ཉིད་གར་སྟེགས་ཀྱི་མི་སྣ་གཙོ་བོར་གྱུར་ཡོད”ཅེས་དྲེད་ཚང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་རྒྱལ་མཚན་གྱིས་གསར་འགོད་པར་བཤད། ཁོང་གིས་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་བ་ལས་མང་ཚོགས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད་ཅེས་བཤད།

    བརྩེ་བ་ཟབ་པའི་དང་བླངས་ཞབས་ཞུས་མི་སེམས་དྲོས།

    དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་བྱེད་སྒོ་སྤེལ་རིང་། ལྷ་རི་རྫོང་གིས་ཕྱོགས་ཁག་གི་སྟོབས་ཤུགས་ནུས་ལྡན་ངང་གཅིག་ཏུ་བསྡུས་ནས་ཁྱད་ལྡན་དང་བླངས་ཞབས་ཞུའི་རུ་ཁག་དང་། ཆེད་ལས་དང་བླངས་ཞབས་ཞུའི་རུ་ཁག དམག་ཞབས་ཐིམ་པའི་དམག་མིའི་དང་བླངས་ཞབས་ཞུའི་རུ་ཁག་བཅས་བཙུགས་ནས་སེམས་ཁྲལ་དང་། སེམས་གནད། བློ་མི་བདེ་བ་བཅས་ཡོད་པའི་མང་ཚོགས་ཀྱི་བྱ་བར་དམིགས་ནས་དང་བླངས་ཞབས་ཞུའི་བྱེད་སྒོ་རྒྱུན་རྣམ་ཅན་སྤེལ་བ་དེས་དང་བླངས་ཞབས་ཞུ་ས་ཕྱོགས་གང་ས་དང་ཞིང་ནང་མུ་ཁར་ཁྱབ་ནས་དང་བླངས་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་གསར་གཏོད་ལྡན་པའི་ངང་སྤེལ་ཐུབ་སྟེ་མང་ཚོགས་སུ་ལ་དགོས་མཁོ་ཡོད་པ་དེར་རྩ་འཛུགས་ཀྱིས་བརྡ་ལན་སྤྲོད་པ་དང་ས་ཚིགས་ཀྱིས་ཞབས་ཞུ་སྒྲུབ་ཐུབ་པའི་འགན་ལེན་བྱས་ཡོད།

    གད་སྙིགས་གཙང་སེལ་དང་། གངས་འཁྱགས་འཕྱག་པ། ཞིང་པར་བརྔ་བསྡུ་བྱེད་རོགས་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན། བཅའ་ཁྲིམས་དྲིལ་བསྒྲགས། རིན་པ་མི་དགོས་པར་འོས་འགན་སྨན་བཅོས་སོགས་ལྷ་རི་རྫོང་གི་གང་སར་དང་བླངས་ཞབས་ཞུ་བའི་གཟུགས་བརྙན་མཐོང་རྒྱུ་ཡོད་པ་དང་བཀྲག་མདངས་ཆེ་བའི“དང་བླངས་པའི་ཕྱི་གོས་དམར་པོ”དེ་ཁྲོམ་གཞུང་དང་སྲང་ལམ་གྱི་རྣམ་པར་བཀྲ་བའི་མཛེས་ལྗོངས་ཤིག་ཏུ་གྱུར་ཞིང་། མིག་སྔར། ལྷ་རི་རྫོང་ལ་དང་བླངས་ཞབས་ཞུའི་རུ་ཁག་482ཡོད་པའི་ཁྲོད། རྫོང་རིམ་པའི་དང་བླངས་ཞབས་ཞུའི་རུ་ཁག་17དང་། ཤང་རིམ་པའི་དང་བླངས་ཞབས་ཞུའི་རུ་ཁག་93 གྲོང་ཚོ་རིམ་པའི་དང་བླངས་ཞབས་ཞུའི་རུ་ཁག་372བཅས་དང་། དང་བླངས་པ་ཁྲི་1ཡོད་པ་དེ་དག་གིས་དང་བླངས་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་ཐེངས་1269སྤེལ་བ་དང་། དེའི་ནང་ཞུགས་མཁན་དང་བླངས་པ་མི་ཐེངས་ཁྲི་3.43ཟིན་ནས་ཞབས་ཞུ་གནད་ལ་འཁེལ་བ་དང་། བྱེད་སྒོ་རྒྱུན་དུ་གཉེར་བ། རྣམ་པ་སྣ་ཚོགས་པའི་དང་བླངས་ཞབས་ཞུའི་དྲ་བ་རིམ་བཞིན་འཛུགས་ཐུབ་པ། དེས་ཞིང་འབྲོག་པའི་སེམས་ཁྲལ་དང་དཀའ་གནད་སེལ་བ་དང་གྲོང་གསེབ་ཀྱི་འཚོ་བར་རྣམ་པ་གསར་པ་ཞིག་སྣོན་ཡོད་ལ། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུའང་ཕྱིན་ཡོད།

    མང་ཚོགས་དང་འབྲེལ་འདྲིས་ཐུབ་པས་ཤེས་དཔལ་གྱི་དར་སྲོལ་གསར་པས་མི་སེམས་དྲོས།

    བསམ་བློ་གསར་པས་རེ་བ་གསར་པ་འབུས། དར་སྲོལ་གསར་པས་འགྱུར་ལྡོག་གསར་པ་བྱུང་།

    ཡུལ་སྲོལ་སྒྱུར་བའི་ལས་དོན་ལ་སྔར་བས་སྐུལ་འདེད་ཡག་པོ་གཏོང་ཆེད། ལྷ་རི་རྫོང་ཨར་རྩ་གྲོང་རྡལ་ཡར་ཅེ་དང་བདེ་སྐྱིད་གྲོང་ཚོ་ཨུ་ལྷན་གྱིས་གྲོང་མིའི་བསམ་འཆར་རྒྱ་ཁྱབ་ངང་བསྡུས་ནས་གྲོང་མིའི་སྤྱི་ཆིངས་བཟོས་པ་མ་ཟད། དྲིལ་བསྒྲགས་སྒྲོམ་སྟེགས་སུ《ཡུལ་སྲོལ་སྒྱུར་བའི་གྲོས་འགོའི་ཡི་གེ》སྦྱར་ནས་གྲོང་མིར་ཤེས་དཔལ་བདེ་ཐང་གི་དར་སྲོལ་གསར་པ་བཙུགས་ཏེ་དམངས་སྲོལ་བཟང་པོ་མུ་མཐུད་དར་སྤེལ་བཏང་ཡོད།

    “ད་ཆ་རྒན་འཁོགས་ལ་བསྙེན་བཀུར་མི་ཞུ་མཁན་ཉུང་ཉུང་ཡིན། རྒན་བཀུར་གཞོན་གཅེས་དང་གཞན་ལ་རོགས་རམ་བྱེད་མཁན་མང་དུ་སོང་ཡོད་ལ། ཁྱིམ་མཚེས་དབར་ཡང་ཕན་ཚུན་འབྲེལ་གཏུག་དང་འགྲོ་འོང་ཇེ་ཟབ་ཏུ་ཕྱིན་ཡོད”ཅེས་བདེ་སྐྱིད་གྲོང་ཚོ་ཨུ་ལྷན་གྱི་ཧྲུའུ་ཅི་དང་པོ་ཏང་ཀྲི་པུའི་ཧྲུའུ་ཅི་གཅིག་ལྕོགས་ཚེ་རིང་ཆོས་འཛོམས་ཀྱིས་འཛུམ་དམུལ་དམུལ་ངང་བཤད་པ་དང་། ཁོང་གིས་དགའ་འོས་པའི་འགྱུར་ལྡོག་དེ་དག་རིམ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་ཅེས་བཤད།

    དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་བྱེད་སྒོ་སྤེལ་རིང་། ལྷ་རི་རྫོང་གིས་གྲོང་གསེབ་ཀྱི་ཡུལ་སྲོལ་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་དང“མི་བཟང་དཔྱད་འདེམས”ལ་རྒྱུན་རྣམ་ཅན་གྱི་སྐུལ་འདེད་བཏང་ནས་མིག་དཔེའི་ཤུགས་རྐྱེན་ཐེབས་ནུས་དང་འབོད་སྐུལ་ནུས་པ་འདོན་སྤེལ་བྱས་ཡོད། ད་ཆ་ལྷ་རི་རྫོང་གི་ཤང་(གྲོང་རྡལ་)དང་གྲོང་ཚོ(གྲོང་ལྷན)ཁག་གིས“གཉེན་སྒྲིག་འགན་ལེན་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། འགལ་བ་དང་རྩོད་གཞི་སེལ་བ”སོགས་ཀྱི་ནང་དོན་གྲོང་སྲོལ་དམངས་ཆིངས་དང་གྲོང་མིའི་སྤྱི་ཆིངས་ནང་བཀོད་པས། ཤེས་དཔལ་ཡུལ་སྲོལ་དང་། བབ་ཆགས་དམངས་སྲོལ། ཁྱིམ་སྲོལ་བཟང་པོ་བཅས་རིམ་བཞིན་ཆགས་ཏེ་མང་ཚོགས་ཀྱི་ཤེས་དཔལ་གྱི་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

    ད་ཆ་ལྷ་རི་རྫོང་དུ་གསོན་ཉམས་དོད་པའི་ཤེས་དཔལ་ལག་ལེན་གྱི་བྱེད་སྒོ་རེ་རེ་མི་སེར་གྱི་འཚོ་བའི་ཁྲོད་ཁྱབ་པ་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་གཡུལ་ས་རེ་རེ་ལུ་གུ་རྒྱུད་ལྟར་ཕན་ཚུན་འབྲེལ་ནས་མཛེས་སྡུག་ལྡན་པའི་འཚོ་བའི་དཔེ་རིས་ཤིག་མངོན་ལ། མི་སེམས་དྲོ་བའི་དང་བླངས་ཞབས་ཞུའི་རུ་ཁག་རེ་རེས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་གསོན་ཤུགས་ཀྱང་འཕེལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།