དབུ་ཤོག>ཆེད་སྒྲིག
  • རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅོ་བརྒྱད་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-28

    ཚེས་26ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅོ་བརྒྱད་པ་འཚོགས་ནས། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་དང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་དེ་བཞིན་ལྗོངས་ཡོངས་ཀྱི་སྤྱི་བདེ་དང་མེ་ཟོན་སྟོབས་ཤུགས་ཀྱིས་རིམས་འགོག་ལས་དོན་ནང་ཞུགས་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཟླ་8ཚེས་25ཉིན་གྱི་ཆུ་ཚོད་0ནས་24བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་གཏན་འཁེལ་ནད་དཔེ་83(ལྷ་ས་གྲོང་ཁྱེར་ལ་ནད་དཔེ་45དང་། ལྷོ་ཁ་གྲོང་ཁྱེར་ལ་ནད་དཔེ་1 ཉིང་ཁྲི་གྲོང་ཁྱེར་ལ་ནད་དཔེ་8 ཆབ་མདོ་གྲོང་ཁྱེར་ལ་ནད་དཔེ་26 ནག་ཆུ་གྲོང་ཁྱེར་ལ་ནད་དཔེ་3)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་444(ལྷ་ས་གྲོང་ཁྱེར་ལ་146དང་། གཞིས་རྩེ་གྲོང་ཁྱེར་ལ་162 ལྷོ་ཁ་གྲོང་ཁྱེར་ལ་35 ཉིང་ཁྲི་གྲོང་ཁྱེར་ལ་9 ཆབ་མདོ་གྲོང་ཁྱེར་ལ་2 ནག་ཆུ་གྲོང་ཁྱེར་ལ་47 མངའ་རིས་ས་ཁུལ་ལ་43)མང་དུ་ཕྱིན་ཡོད་པ་རེད།

    ཟླ་8ཚེས་26ཉིན་གྱི་ཆུ་ཚོད་0ནས་14བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་ནད་དཔེ་4(ཉིང་ཁྲི་གྲོང་ཁྱེར་ལ་ནད་དཔེ་2དང་ཆབ་མདོ་གྲོང་ཁྱེར་ལ་ནད་དཔེ་2)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་107(ལྷ་ས་གྲོང་ཁྱེར་ལ་61དང་། གཞིས་རྩེ་གྲོང་ཁྱེར་ལ་14 ལྷོ་ཁ་གྲོང་ཁྱེར་ལ་13 ཉིང་ཁྲི་གྲོང་ཁྱེར་ལ་1 ཆབ་མདོ་གྲོང་ཁྱེར་ལ་4 ནག་ཆུ་གྲོང་ཁྱེར་ལ་5 མངའ་རིས་ས་ཁུལ་ལ་9)མང་དུ་ཕྱིན་ཡོད་པ་རེད།

    ཟླ་8ཚེས་25ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ཁྱོན་ཉེན་ཁ་ཆེ་བའི་ཁུལ་551དང་ཉེན་ཁ་འབྲིང་བའི་ཁུལ་283ཡོད་པ་རེད།

    ཟླ་8ཚེས་25ཉིན་མང་དུ་ཕྱིན་པའི་ནད་དཔེའི་ཁྲོད་ནད་དཔེ་120ནི་སྤྱི་ཚོགས་ཐོག་ནས་དབྱེ་བཤེར་བྱས་རྗེས་ཤེས་རྟོགས་བྱུང་བ་དང་། ནད་དཔེ་383ནི་ལོགས་བཀར་དོ་དམ་ཚོད་འཛིན་ཁུལ་ནས་ཤེས་རྟོགས་བྱུང་བ་རེད།

    ཟླ་8ཚེས་25ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ནད་པ་175དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་། རྟགས་མེད་ནད་དུག་འགོས་པ་2769ལ་ལོགས་བཀར་གསོ་རིག་བརྟག་དཔྱད་བྱེད་མཚམས་བཞག་པ། (སྒྲོམ་ཚང་སྨན་ཁང་ནས་དོན་པ) ཐད་འབྲེལ་པ་6404ལ་གཅིག་སྡུད་ལོགས་བཀར་གྱི་བརྟག་དཔྱད་བྱེད་མཚམས་བཞག་པ། མིག་སྔར། མི་51110ལ་གཅིག་སྡུད་ལོགས་བཀར་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།

    ཟླ་8ཚེས་26ཉིན་གྱི་ཆུ་ཚོད་16བར། ལྷོ་ཁ་གྲོང་ཁྱེར་དང་། ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་བཅས་ཀྱིས་སྔ་རྗེས་སུ་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་བ་ཁྱབ་བསྒྲགས་བྱས་པ་རེད།

    རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཆོས་དར་གྱིས། སྡེ་ཁུལ་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་མདུན་མ་ཡིན། རང་སྐྱོང་ལྗོངས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྡེ་ཁུལ་སྔོན་འགོག་ཚོད་འཛིན་ཚོགས་ཆུང་གིས་སྡེ་ཁུལ་དང་གཞི་རིམ་གཙོ་གནད་དུ་བཟུང་ནས། སྟོབས་ཤུགས་རྒྱ་ཁྱབ་ངང་སྐོང་བསྡུ་དང་། སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནང་མང་ཚོགས་ཞུགས་པར་སྐུལ་མ་གཏོང་བ་དང་ཁྲིད་སྟོན་བྱེད་པ། སྡེ་ཁུལ་གྱི་གྲོང་མི་དང་གཞི་རིམ་མང་ཚོགས་ཀྱི་དཀའ་ངལ་དང་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ། ཇུས་ཤུགས་མཉམ་འདོན་བཅས་བྱས་ཏེ། སྔ་ཙམ་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་ཐུབ་པའི་དམིགས་ཚད་མངོན་འགྱུར་ཡོང་བར་འབད་འཐབ་ཧུར་ཐག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་ཧྲེན་ཀྲའོ་ཧྲན་གྱིས་གསར་འགོད་པའི་དྲི་བར་ལན་བསྐྱོན་སྐབས། རིམས་ནད་ཀྱི་འཕེལ་ཕྱོགས་གཞིར་བཟུང་སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བྱེད་ཐབས་ཁག་གཅིག་ལ་ད་དུང་སྔར་བས་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད། ང་ཚོས་ས་གནས་ཁག་དང་སྡེ་ཚན་ཁག་ལ་ལས་དོན་གྱི་འགན་འཁྲི་ནན་དུ་གཏོང་བ་དང་། ལས་དོན་གྱི་བྱེད་ཐབས་ཞིབ་ཕྲ་བཟོ་བ། རྗེས་འདེད་འདྲི་རྩད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། སྟོབས་ཤུགས་ཡོད་རྒུ་རྩལ་སྤྲུགས་བཏོན་ནས་སྡེ་ཁུལ་ལ་དོ་དམ་ཚོད་འཛིན་ནུས་ལྡན་བྱེད་པ། ལེགས་བསྡུས་ཞིབ་གཉེར་གྱི་ཐོན་ཁུངས་ལ་བརྟེན་ནས་རིམས་ནད་ཀྱི་ཉེན་ཁ་གདུབ་ཟུམ་དོ་དམ་བྱེད་པ། རིན་དོད་ཆུང་ཤོས་ཀྱི་ཐོག་ནས་སྔོན་འགོག་ཚོད་འཛིན་གྱི་ཕན་འབྲས་ཡག་ཤོས་ཐོན་པར་བྱེད་པ། བྱེད་ཐབས་ནུས་ལྡན་གྱི་ཐོག་ནས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་རྒྱུན་གཏན་གྱི་འཚོ་བའི་སྒྲིག་ལམ་ནུས་ཤུགས་ཡོད་རྒུས་འགན་ལེན་བཅས་བྱེད་དགོས་པའི་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ཏང་ཨུད་ཀྱི་ཨུ་ཡོན་སྤྱི་ཁྱབ་རུ་དཔོན་གཞོན་པ་བཅོ་ལྔ་ཚེ་བརྟན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས“མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བའི”འདུ་ཤེས་མཐའ་འཁྱོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་ཁུར་ནས་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད། གྲོང་ཁྱེར(ས་ཁུལ)7དང་རྫོང(ཆུས)74ཡི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རྐང་འཛིན་སྟོབས་ཤུགས་བཏང་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཕྲལ་སྒྲུབ་རུ་ཁག་89བཙུགས་ནས། སྤྱི་ཚོགས་ཐོག་གི་རིམས་འགོག་དུག་སེལ་དང་། དངོས་ཟོག་དབོར་འདྲེན། གནས་གཏན་འཁེལ་སྲུང་སྐྱོབ་སོགས་ཀྱི་ལས་འགན་གཙོ་བོ་འཁུར་བཞིན་ཡོད། རིམ་རྩིས་བྱས་ན་ལས་འགན་སྣ་ཚོགས་700ལྷག་ཙམ་བསྒྲུབས་པ་དང་། དུག་སེལ་སྨན་རྫས་ཏུན་ཁྲི་1.3ལྷག་ཙམ་གཏོར་བ། དངོས་ཟོག་ཏུན་2000ལྷག་ཙམ་དབོར་བ་བཅས་བྱས་ཡོད་ཅེས་གསུངས་པ་རེད།

    རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཨུ་ཡོན་ཐིང་ཀྲང་གཞོན་པ་ཅང་ཡེ་ཡིས་ལྗོངས་ཡོངས་ཀྱི་སྤྱི་བདེའི་སྟོབས་ཤུགས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་བསྒྲུབས་ཚུལ་ངོ་སྤྲོད་གནང་ཞིང་། མིག་སྔའི་བར་རིམས་ནད་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གྱོད་གཞི་390ཡི་ཉེས་གསོག་པ་795ལ་ཁྲིམས་ལྟར་རྡུང་རྡེག་དང་ཐག་གཅོད་བྱས་པ་དང་། ལྗོངས་ཡོངས་ཀྱི་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་དང་ཉེན་དོན་ས་ཚིགས་ཀྱིས་ཉེན་རྟོག་པ་ཁྱོན་མི་ཐེངས་ཁྲི་5.1ལྷག་ཙམ་དང་རླངས་འཁོར་ཐེངས་ཁྲི་1.9ལྷག་ཙམ་བཏང་སྟེ་མང་ཚོགས་ལ་ཞབས་ཞུ་དང་རོགས་སྐྱོབ་ཐེངས་2760བྱས་པས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྒྲིག་ལམ་དང་སྤྱི་ཚོགས་བདེ་འཇགས་ཀྱི་སྒྲིག་ལམ་བརྟན་པོ་དང་གོ་རིམ་ལྡན་པ་ཡོང་བར་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་པ་རེད། ཤར་བགྲོད་འགན་ལེན་ཐད་སི་ཁྲོན་དང་། ཡུན་ནན། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་སྤྱི་བདེ་ལས་ཁུངས་དང་ས་ཁོངས་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་ནས། གཞུང་ལམ་འགྲིམ་འགྲུལ་ཤར་གཏོང་དང་། འཕྲལ་སྡོམ་སྐྱེལ་འདྲེན་གྱི་ཐོགས་མེད་བགྲོད་ལམ་ཤར་གཏོང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དངོས་ཟོག་སྐྱེལ་འདྲེན་གྱི་བགྲོད་ལམ་ཤར་གཏོང་བཅས་ཐུབ་པའི་འགན་ལེན་མཐའ་གཅིག་ཏུ་བྱེད་བཞིན་ཡོད། མིག་སྔའི་བར་རྒྱལ་ལམ་109དང་། 214 219 317 318བཅས་བརྒྱུད་བོད་ནས་འགྲོ་འོང་གི་གཙོ་གནད་དངོས་ཟོག་སྐྱེལ་འདྲེན་གྱི་རླངས་འཁོར་རྒྱུན་གཏན་ལྟར་ཤར་གཏོང་ཐུབ་ནས་འགྲིམ་འགྲུལ་དོ་དམ་སྤྱིར་ན་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།