རིམས་ནད་ལ་ཁ་གཏད་ནུས་ལྡན་གཅོག་པ་དང་རིམས་ནད་མཆེད་པའི་ཉེན་ཁ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཆུང་དུ་གཏོང་ཆེད། བྲག་གཡབ་རྫོང་གིས་རྫོང་གྲོང་དུ་སྡེ་ཁུལ་གྱི་དྲ་མིག་གཞི་རྩའི་ཚན་པར་བྱས་ཏེ“སྒོ་རྡུང་བའི་བྱ་སྤྱོད”སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད།
“ང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ལས་བྱེད་པ་ཡིན། ངས་བོད་སྐད་ཤེས་པས་ངས་ཕྱིན་ཆོག”ཅེས་བྲག་གཡབ་རྫོང་ཁྲལ་དོན་ཅུས་ཀྱི་སྒྲོན་འཛོམས་ཀྱིས་ངལ་གསོའི་དུས་ཚོད་བློས་བཏང་ནས་འཕྲལ་མར་ལས་ཀའི་ནང་ཞུགས་རྒྱུའི་མིང་ཐོ་བཀོད་དེ་དྲ་མིག་ཁུལ་ཆུང་དུ་ཉིང་སྐྱུར་བརྟག་དཔྱད་དང་གཙོ་གནད་མི་སྣར་གྲལ་བཤེར་སོགས་ཀྱི་ལས་དོན་སྤེལ་རོགས་བྱེད་པར་བསྐྱོད།
བྲག་གཡབ་རྫོང་གྲོང་མང་ཆེ་བ་ནི་ཁུལ་ཆུང་རྙིང་པ་ཡིན་པ་དང་མི་སྣ་རྙོག་འཛིང་ཆེ་བ་དང་ཕྱོགས་མིའང་མང་པོ་ཡོད། མི་སྣའི་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱ་ཆེད། སྒྲོལ་འཛོམས་ཀྱིས་དཔྱད་གཞི་བླུགས་པའི་ཁུག་མ་ཞིག་འཁྱེར་ནས་ཐེམ་སྐས་རེ་རེ་བཞིན་འཛེགས་ཏེ་དུད་ཚང་རེ་རེ་བཞིན་གྱི་མི་སྣའི་ཆ་འཕྲིན་འཚོལ་བསྡུ་བྱེད་པ་དང་འབྲེལ། ཚང་མར་ཕྱིར་དོན་མི་དགོས་ཚེ་གཏན་ནས་མི་དོན་པ་དང་མི་སྒེར་གྱི་འགོག་སྲུང་ལ་དོ་སྣང་བྱེད་དགོས་པའི་ཁ་ཏ་བསླབ་བྱ་ཡང་ཡང་བྱས་པ་རེད།
རིམས་ནད་ཐོན་ཚུན། བྲག་གཡབ་རྫོང་ཁྲལ་དོན་ཅུས་ཀྱིས་འཚང་གཡོལ་ཁྲལ་སྒྲུབ་དང་ཁ་ཆད་ཁྲལ་སྒྲུབ་སོགས་ཀྱི་བྱ་ཐབས་བརྒྱུད་ཁྲལ་འཇལ་བ་དང་འགྲོ་གྲོན་སྐྱེལ་མཁན་ལ“འབྲེལ་འདྲིས་མེད་པའི”བྱ་ཐབས་ལ་བརྟེན་ནས་ཁྲལ་གྲོན་ལས་སྒོ་བསྒྲུབ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཁྲལ་སྒྲུབ་གྲོན་འཇལ་ལས་སྒོ་སྒྲུབ་བཞིན་ཡོད།
ཁྲལ་སྒྲུབ་ཞབས་ཞུའི་ཚོམས་ཆེན་གྱི་འགན་འཁུར་བ་རྡོ་རྗེས་ཉིན་ལྟར་སྔ་པོ་ནས་ཁྲལ་སྒྲུབ་ཚོམས་ཆེན་དུ་ཡོང་སྟེ་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་ཀྱིས་གཙོ་གནད་ཁུལ་དང་སྤྱི་པའི་ས་ཁོངས་སུ་འཕྲོད་བསྟེན་དུག་སེལ་དང་རླུང་འགྲོ་ཡག་པོ་ཡོང་བ་བྱེད་པ་དང་། བརྟག་བཤེར་དང་། ཚ་བ་ལྟ་བ། ཐོ་འགོད་སོགས་ཀྱི་ལས་ཀར་ལྟ་སྐུལ་ཞིབ་བཤེར་བྱེད་ཀྱི་ཡོད། ལས་ཀ་གྲོལ་རྗེས་ཁོང་གིས་ཚོམས་ཆེན་གྱི་ལས་ཀར་ཉིན་རེར་བསྐྱར་ཞིབ་ཐེངས་རེ་བྱེད་པ་དང་ཆབས་ཅིག ད་དུང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་བདམས་སྒྲིག་བྱེད་པ་དང་། ཁྲལ་འཇལ་བ་དང་འགྲོ་གྲོན་སྐྱེལ་མཁན་ལ་དྲ་ཐོག་ནས་གསོ་སྦྱོང་དང་ཟུར་ཁྲིད་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས། ཉེ་དུས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགན་བཅོལ་གཉིས་བསྡུ་བ་དང་། ཁྲལ་འཇལ་མཁན་གྱི་བློ་ཡིད་ཚིམ་ཚད་ལ་བརྟག་དཔྱད། ཁྲལ་སློག་པ་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱེད་ཀྱི་ཡོད།
“བུ་མོར་སེམས་ཁྲལ་ཆེན་པོ་འདུག སྐབས་རེ་བྲེལ་བ་ཚ་དུས་ཕྲུ་གུར་ཡང་ལྟ་རྟོག་བྱེད་ཁོམ་མི་འདུག ཕྲུ་གུའི་ཨ་མ་ཡང་འཐབ་ས་དང་པོར་ཡོད་པས། བུ་མོ་ཨ་ནེར་བཅོལ་ཡོད”ཅེས་རྡོ་རྗེས་བཤད། ཁོང་གི་བཟའ་ཟླ་རིམས་འགོག་གི་འཐབ་ས་དང་པོར་ལས་ཀ་བྱེད་ཀྱི་ཡོད་པ་དང་། ཉིན་ལྟར་དགོང་མོ་ཕྱི་པོ་མ་གཏོགས་ནང་ལ་ལོག་སླེབས་ཀྱི་མེད།
“ང་ནི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པས་ངེས་པར་དུ་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་འདོན་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་འོག་ང་ཚོས་མང་ཚོགས་ལ་སྟབས་བདེ་བསྐྲུན་གང་ཐུབ་བྱས་ནས་མང་ཚོགས་ཀྱི་དཀའ་ངལ་སེལ་རོགས་བྱེད་དགོས”ཞེས་རྡོ་རྗེས་བཤད།
བྲག་གཡབ་རྫོང་ཁྲལ་དོན་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོས་སྦྲུམ་མ་བསོད་ནམས་སྒྲོལ་དཀར་ལ་ལྟ་རྟོག་གང་ལེགས་བྱེད་ཀྱི་ཡོད། ཤང་དང་གྲོང་རྡལ་གྱི་ཁྲལ་འཇལ་བ་དང་འགྲོ་གྲོན་སྐྱེལ་མཁན་ཁྲལ་སྒྲུབ་ཚོམས་ཆེན་དུ་ཡོང་ནས་ཁྲལ་གྲོན་གྱི་ལས་སྒོ་གཉེར་མི་ཐུབ་པའི་རྐྱེན་གྱིས་ཁོང་གིས་རང་འགུལ་ངང་ཁ་པར་ནས་བློ་འདྲིའི་ཞབས་འདེགས་ཞུ་རྒྱུའི་འགན་འཁུར་བ་དང་འབྲེལ། ཁེ་ལས་ཀྱི་སྐད་འཕྲིན་ཚོགས་པའི་ནང་རང་ཉིད་ཀྱི་ཁ་པར་ཨང་གྲངས་བསྐུར་བ་རེད། ཁོ་མོས་ཉིན་ལྟར་ཁ་པར་30ལྷག་ཙམ་ཉན་ནས་ཁྲལ་འཇལ་མཁན་དང་འགྲོ་གྲོན་སྐྱེལ་མཁན་གྱི་ཁྲལ་གྲོན་དང་འབྲེལ་བ་ཡོད་པའི་གྲོན་དངུལ་གྱི་གནད་དོན་རྒྱང་ཁྲིད་ཐག་གཅོད་བྱེད་ཀྱི་ཡོད། སྐབས་འགར་ཁ་པར་རྒྱག་ཐེངས་གཅིག་ལ་ཆུ་ཚོད་ཕྱེད་ཀ་ཙམ་འགོར་གྱི་ཡོད་པས་གྲེ་གསང་བྱི་རིལ་ནི་ཁོ་མོར་མཚོན་ན་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད།
ལས་རོགས་ཚོས་དུས་རྒྱུན་དུ་བསོད་ནམས་སྒྲོལ་དཀར་ལ“གལ་ཏེ་གཟུགས་པོ་བདེ་པོ་མེད་ཚེ་སྔ་ཙམ་ལོག་རྒྱུག འདི་གར་ང་ཚོ་ཡོད” “རང་གི་གཟུགས་པོ་གལ་ཆེ་གི་རེད། སྐབས་རེ་ང་ཚོ་དང་བརྗེ་པོ་བརྒྱབ་ཆོག”ལ་སོགས་པའི་སེམས་ཁུར་གྱི་སྐད་ཆ་མང་པོ་ཤོད་ཀྱི་ཡོད་མོད། འོན་ཀྱང་ཁོ་མོས་ཨ་མ་བྱེད་གྲབས་ཡོད་པས་དེ་བས་ཕྲུ་གུར་མིག་དཔེ་བཟང་པོ་ཞིག་སྟོན་དགོས་ཟེར་ནས་ཨུ་ཚུགས་མཐའ་སྐྱེལ་གྱིས་ལས་ཀར་ཡོང་གི་ཡོད།
རིམས་ནད་མཇུག་མ་འགྲིལ་བར་ང་ཚོ་དཔའ་མི་ཞུམ། བྲག་གཡབ་རྫོང་ཁྲལ་དོན་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོས་བྱ་སྤྱོད་ངོ་མའི་ཐོག་ནས་ཁྲལ་དོན་གནད་དོན་ལ་དོ་ཁུར་གྱིས་རིམས་འགོག་གི་འགོག་རགས་ཡག་པོ་བསྲུངས་ཏེ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོང་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད།