ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་དང་ཏོག་གསར་གློ་ཚད་སྔོན་འགོག་དང་ཚོད་འཛིན་གྱི་བོད་ཀྱི་ལས་དོན་ཚོགས་ཆུང་གི་ཞིབ་ཕྲའི་མཛུབ་ཁྲིད་འོག་ཚེས་25དང་26ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རིམ་དབྱེ་རིགས་དབྱེའི་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པར་དམིགས་ཏེ་གམ་པ་རྫོང་དང་བསམ་གྲུབ་རྩེ་ཆུས་སུ་ཞིབ་བཤེར་མཛུབ་ཁྲིད་གནང་བ་རེད།
གམ་པ་རྫོང་གི་ལོགས་བཀར་ས་ཚིགས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུའུ་སོགས་སུ་ཡན་ཅིན་ཧའེ་ཡིས་འཐབ་ས་དང་པོར་ཕེབས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་སྤེལ་ཚུལ་ལ་གཟིགས་ཞིབ་གནང་ཞིང་། “གནམ་གཤིས་རིམ་གྱིས་གྲང་དུ་འགྲོ་གི་ཡོད་པས་ལོགས་བཀར་མང་ཚོགས་ཚོ་འཁྱག་གི་ཡོད་མེད”དང “ལོགས་བཀར་བྱེད་མཚམས་བཞག་རྗེས་བཀོད་སྒྲིག་ཇི་ལྟར་བྱེད་ཀྱི་ཡོད་མེད”སོགས་ཡན་ཅིན་ཧའེ་ཡིས་གམ་པ་རྫོང་ནི་ས་བབ་མཐོ་བ་དང་ཆ་རྐྱེན་ཞན་པོ་ཡོད་པས། ང་ཚོས་སེམས་ནུས་ཡོད་རྒུ་འདོན་པ་དང་གནས་བརྗེས་བསམ་གཞིག་གིས་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་འཆང་བ་དང་། དྲོ་སྐྱིད་ཚོར་ཐུབ་པའི་ཞབས་ཞུ་ཁག་ཏན་ཏིག་དང་ཞིབ་ཚགས་ངང་བསྒྲུབས་ནས་ལས་སླ་པོར་ཐོབ་པ་ཞིག་མིན་པའི་རིམས་འགོག་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་དགོས་པའི་མངགས་བཅོལ་ཡང་ཡང་གནང་བ་མ་ཟད། ཡུལ་སྐོར་བ་ཉུངཤས་ཤིག་རྫོང་གྲོང་དུ་ལུས་ཡོད་པ་མཁྱེན་རྗེས་ཁོང་གིས་དེ་གར་ལུས་པའི་ཡུལ་སྐོར་བའི་ཞབས་ཞུའི་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས། བོད་ནས་ཐོན་མཁན་ཚོའི“ཉིན་གསུམ་བཤེར་གཉིས”ཀྱི་བརྟག་དཔྱད་བྱས་འབྲས་སྲིབ་གཤིས་ཀྱི་ངོ་སྤྲོད་དགོས་པའི་རྨང་གཞིའི་ཐོག་འགོག་སྲུང་བརྟག་དཔྱད་བྱས་ཏེ་སྐྱེལ་འདྲེན་གནད་སྨིན་གྱིས་ཁོང་ཚོའི་རེ་ཞུ་དང་ལེན་ཧུར་ཐག་དང་ཐག་གཅོད་འོས་འཚམ་བྱེད་དགོས་ཞེས་གསུངས་པ་རེད།
ཚེས་26ཉིན་ཡན་ཅིན་ཧའེ་སླར་ཡང་བསམ་གྲུབ་རྩེ་ཆུས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་ཕེབས་ནས“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་བ་དང་མིག་སྔར་ཞབས་ཞུ་ལྟེ་གནས་ཀྱིས་རིམས་ནད་འགོ་མཁན་གཅིག་ཀྱང་མེད་པའི་སྣང་ཚུལ་སྔར་བཞིན་རྒྱུན་འཁྱོངས་ཐུབ་ཡོད། ཡན་ཅིན་ཧའེ་ཡིས་གཙོ་གནད་ས་ཁོངས་དང་། གཙོ་གནད་ས་ཚིགས། གཙོ་གནད་མི་ཚོགས་བཅས་ལ་དམ་པོར་དམིགས་ཏེ་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་མུ་མཐུད་དོན་འཁྱོལ་ནན་ཏན་བྱས་ནས་མཐའ་ཚད་བརྟན་པོར་སྲུང་དགོས་ཞེས་བླང་བྱ་བཏོན་པ་རེད། དཀར་ཡོལ་གླིང་སྡེ་ཁུལ་དང་། མཁའ་ཀླུང་གླིང་ཁུལ་ཆུང་། མི་རིགས་ཁུལ་ཆུང་བཅས་སུ་ཁོང་གིས་སྡེ་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་ལས་དོན་སྤེལ་ཚུལ་ལ་ཞིབ་བཤེར་ཞིབ་ཕྲ་གནང་ཞིང་། ཁོང་གིས་རིམས་ནད་ཐོན་རིང་ལྟོ་ཆས་དང་། སྨན་བཅོས། སྨན་རྫས་བཅས་དང་། དེ་བཞིན་བྱིས་པའི་འོ་རྩམ་སོགས་ནི་མང་ཚོགས་ཀྱི་ངོས་ནས་བརྗོད་ན་དོན་ཆེན་ཞིག་རེད། ངེས་པར་དུ་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་སྟེ་ལས་དོན་སྔར་བས་ཞིབ་ཚགས་དང་། སྔར་བས་གཏིང་ཟབ། སྔར་བས་འཐུས་ཚང་བཅས་ཡོང་བར་བྱེད་པ་དང་། མང་ཚོགས་ཀྱི་རེ་ཞུ་འཕྲལ་མར་དང་ལེན་བྱེད་པ། འཚོ་བའི་དངོས་རྫས་སྐྱེལ་འདྲེན་སོགས་མང་ཚོགས་ཀྱིས་རེ་འདུན་ཞུས་པའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཚང་མ་དུས་ཐོག་ཏུ་ཐག་གཅོད་ཡག་པོ་བྱེད་དགོས། བཀག་སྡོམ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སེམས་ཁམས་ཁྲིད་སྟོན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འགོག་རྐྱེན་བཟོ་བའི་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་དགོས། མཐའ་ཚད་ཀྱི་བསམ་བློར་ཤུགས་སྣོན་བརྒྱབ་ནས་རྒན་རྒོན་དང་། བྱིས་པ། སྦྲུམ་མ། ནད་ཚབས་ལྕི་བ་སོགས་དམིགས་བསལ་ཚོགས་སྤྱིར་དོ་ཁུར་བྱེད་པའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། མང་ཚོགས་ཀྱི་ནད་བརྟག་སྨན་བཅོས་ཀྱི་དགོས་མཁོ་འགན་ལེན་ཡག་པོ་བྱས་ནས་རིམས་ནད་འགོག་རྒོལ་དམག་འཐབ་ལ་ཕན་འབྲས་ཆེ་ཞིང་དྲོ་སྐྱིད་ཀྱང་ཚོར་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།