ཉིན་ལྟར་ཆ་སྙོམས་གོམ་པ་ཁྲི་2ལྷག་ཙམ་བརྒྱབ་ནས་མ་དཔེ་འཚོལ་བསྡུ་དང་དེ་བཞིན་ཉིང་སྐྱུར་བརྟག་དཔྱད་ཀྱི་མ་དཔེ་1000བརྒྱུད་འདྲེན་བྱ་རྒྱུ་ནི། རིམས་ནད་ཐོན་ཚུན་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གི་ན་གཞོན་སྨན་པ་ཚེ་རིང་མཚོ་མོའི་རྒྱུན་གཏན་གྱི་ལས་ཀ་རེད།
ཟླ་8ཚེས་9ཉིན་ཚེ་རིང་མཚོ་མོས་ཉིང་སྐྱུར་བརྟག་དཔྱད་ཀྱི་མ་དཔེ་འཚོལ་བསྡུ་ཚར་དུས་མཚན་གུང་ཡིན་ཞིང་། ཉིན་གཉིས་པའི་ཞོགས་པ་སྔ་པོར་ཁ་ལག་ཟ་ཁོམ་མ་བྱུང་བའི་ཁོང་གིས་རེས་སྐོར་གསར་པའི་ཉིང་སྐྱུར་བརྟག་དཔྱད་ཀྱི་མ་དཔེ་འཚོལ་བསྡུ་བྱེད་འགོ་བཙུགས། ལས་འབོར་ཧ་ཅང་ཆེ་བ་དང་ངལ་གསོ་ཡག་པོ་མ་བྱུང་བའི་ཚེ་རིང་མཚོ་མོ་གློ་བུར་དུ་ཉིང་སྐྱུར་བརྟག་དཔྱད་ཀྱི་མ་དཔེ་འཚོལ་བསྡུ་བྱ་ཡུལ་དུ་དྲན་མེད་དུ་བརྒྱལ། “གློ་བུར་དུ་ཚེ་རིང་མཚོ་མོ་ངའི་འགྲམ་དུ་བརྒྱལ་བ་མཐོང་མ་ཐག ཚང་མས་མཉམ་དུ་ཁོང་མྱུར་སྐྱོབ་རླངས་འཁོར་ལ་བསྐྱལ་བ་རེད”ཅེས་ལས་རོགས་འཇམ་དབྱངས་ཆོས་སྒྲོན་གྱིས་བརྗོད།
སྨན་པས་བརྟག་དཔྱད་བྱས་པ་བརྒྱུད། ཚེ་རིང་མཚོ་མོ་ཉིན་ཁ་ཤས་རིང་ལས་ཀ་འབོར་ཆེན་བྱས་ཁར། ཞོགས་ཟས་མ་བྱུང་བའི་རྐྱེན་གྱིས་ཁྲག་གི་མངར་རྩི་ཉུང་བའི་ནད་དང་མགོ་ཡུ་འཁོར་བ་སོགས་ཀྱི་སྣང་ཚུལ་ཐོན་ཡོད། རྒུན་འབྲུམ་མངར་ཆའི་ཐང་ཆུ་གསབ་རྗེས་ཁོང་ག་ལེར་དྲན་པ་གསོས། དེ་རྗེས་འགོག་སྲུང་གྱོན་ཆས་གྱོན་ནས་སླར་ཡང་ཉིང་སྐྱུར་བརྟག་དཔྱད་ཀྱི་མ་དཔེ་འཚོལ་བསྡུ་བྱ་ཡུལ་དུ་བསྐྱོད། གཏིང་སྐྱེས་རྫོང་ལྟེ་བའི་སྨན་ཁང་གི་ཡོན་ཀྲང་གིས་ཁོང་ལ་ཉིན་གཅིག་ངལ་གསོ་རྒྱག་དགོས་ཞེས་བརྗོད་རུང་ཁོང་གིས“ངའི་གཟུགས་པོ་སྣང་དག་མི་འདུག འགག་རྩའི་དུས་སུ་མི་དཀོན་པོ་ཡོད་པས་ང་ངེས་པར་དུ་འགྲོ་དགོས”ཞེས་བརྗོད།
ད་ཐེངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། ཚེ་རིང་མཚོ་མོས་རེས་སྐོར་8ཀྱི་ཉིང་སྐྱུར་བརྟག་དཔྱད་ལ་ཞུགས་པ་དང་། མ་དཔེ་འཚོལ་བསྡུ་བྱེད་ཐེངས་རེར་སྤྱིར་ན་ཆུ་ཚོད་7ཙམ་ལངས་དགོས་པ་དང་དེའི་རིང་ཆུ་འཐུང་བ་དང་ཁ་ལག་བཟའ་བ་སོགས་བྱེད་ཆོག་གི་མེད། བྲེལ་འཚུབ་ཆེ་ཤོས་སྐབས་ཉིན་གཅིག་ནང་ཆུ་ཚོད་2ལས་གཉིད་ཁུག་ཁོམ་མེད་མོད། འོན་ཀྱང་ཚེ་རིང་མཚོ་མོས་སྡུག་སྐད་གཅིག་ཀྱང་རྒྱག་མྱོང་མེད། ཁོང་གིས“སྨན་དོན་མི་སྣ་ཞིག་ཡིན་པའི་ང་ནི་མང་ཚོགས་ཚོའི་སེམས་ནང་གི‘གོས་དཀར་ལྷ་མོ’ལྟ་བུ་རེད། དེས་ན་ང་ཚོས་ལས་འགན་ཕྲག་ཏུ་འཁུར་ནས་ཉིང་སྐྱུར་བརྟག་དཔྱད་ཀྱི་མ་དཔེ་འཚོལ་བསྡུའི་ལས་དོན་ཡག་པོ་བསྒྲུབ་ངེས་ཡིན”ཞེས་བརྗོད།