སྟོབས་ཤུགས་ཆེན་པོ་ནི་ཐོག་མའི་བསམ་འདུན་ལས་བྱུང་བ་དང་། ལས་འགན་ལྕི་པོ་ནི་འགན་འཁྲི་ལས་བྱུང་བ་ཞིག་རེད། ཟླ་8ཚེས་16ཉིན་གྱི་དགོང་མོ་ཆུ་ཤུར་རྫོང་ཚལ་སྣེ་ཤང་མངགས་གཏོང་ཁང་གི་སློབ་སྟོན་པ་ལིའུ་ཐུང་ཞིས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་ལས་རེས་བྱེད་སྐབས་གློ་བུར་དུ་ནང་མིའི་ཁ་པར་འབྱོར་ནས་ཨ་མ་ཚེ་ལས་འདས་པའི་གཏམ་ངན་ཞིག་ཐོས། ཁ་པར་བཞག་མ་ཐག་ལིའུ་ཐུང་ཞིས་ཀྱི་མིག་གཉིས་དམར་པོར་གྱུར་ནས་སྐད་ཆ་ཚིག་གཅིག་ཀྱང་ཤོད་མ་ཐུབ་པར་ལུས།
ལོ་37ལ་སླེབས་པའི་ལིའུ་ཐུང་ཞིས་ནི་ཨན་ཧུའེ་ཞིང་ཆེན་ཨན་ཆིང་གྲོང་ཁྱེར་གྱི་མི་ཡིན་པ་དང་། 2003ལོར་དམག་ཞབས་ཐིམས་ནས་ལས་སྒྱུར་བྱས་ཏེ་ཆུ་ཤུར་རྫོང་ཚལ་སྣེ་ཤང་མངགས་གཏོང་ཁང་གི་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་ཞིག་ཏུ་གྱུར།
ལས་ཀར་ཞུགས་རྗེས་ལིའུ་ཐུང་ཞིས་ཨ་མ་དང་མཉམ་འཛོམས་བྱེད་ཉུང་ཉུང་རེད། 2019ལོའི་ཟླ་9པར་ལིའུ་ཐུང་ཞིས་ཀྱི་ཨ་མར་གློ་སྐྲན་གྱི་ནད་ཕོག་ནས་གཤགས་བཅོས་བྱས་རྗེས་ད་བར་ཁྱིམ་དུ་ངལ་གསོ་བརྒྱབ་ནས་བསྡད་ཡོད། 2022ལོའི་དཔྱིད་གསར་དུས་ཆེན་སྐབས་ལིའུ་ཐུང་ཞིས་ཀྱིས་ལོ་རེའི་འཁོར་ཞག་སྤྱད་དེ་བཟའ་ཟླ་དང་ཕྲུ་གུ་གཉིས་ཁྲིད་ནས་ཕ་ཡུལ་དུ་སྨན་བཅོས་བྱེད་བཞིན་པའི་སྐྱེད་མར་ལྟ་བར་ཕྱིན། འོན་ཀྱང་ལས་ཀའི་རྐྱེན་གྱིས་ཉིན་50ཡོད་པའི་ངལ་གསོའི་དུས་ཚོད་དེ་ཉིན་25ལས་སྡོད་ཁོམ་མ་བྱུང་བར་སླར་ཡང་ལས་གནས་ཐོག་ལོག་དགོས་བྱུང་ཡོད། སྐབས་དེ་དུས་ནི་ཨ་མ་དང་ནམ་ཡང་ཁ་བྲལ་བ་ཞིག་ཡིན་པ་ཁོང་གི་བསམ་ཡུལ་ལས་འདས།
ཨ་མ་ཚེ་ལས་འདས་མ་ཐག་ཡིན་པས་ཁྱིམ་དུ་ལས་ཀ་མང་པོ་ཞིག་བསྒྲུབ་དགོས་ཀྱི་ཡོད་མོད། འོན་ཀྱང་ལིའུ་ཐུང་ཞིས་ཀྱིས་རང་གི་གཉེན་ཉེ་གྲོངས་པའི་སྡུག་བསྔལ་དག་བཟོད་སྒོམ་བྱས་པ་དང་། པཱ་ལགས་དང་གཅུང་པོ་གཉིས་བཅས་དང་ཁ་པར་ནས་འབྲེལ་བ་བྱས་པ་དང་འབྲེལ་ཁོང་ཚོའི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་རྗེས་སྔར་བཞིན་རིམས་འགོག་གི་འཐབ་ས་དང་པོ་བརྟན་སྲུང་བྱ་རྒྱུའི་གདམ་ག་བྱས། “རིམས་ནད་མཇུག་སྒྲིལ་རྗེས་ང་ཁྱིམ་དུ་སྐྱེད་མར་མཆོད་འབུལ་ཞུ་བར་འགྲོ་གི་ཡིན”ཞེས་ལིའུ་ཐུང་ཞིས་ཀྱིས་མགྲིན་པ་བརྣངས་བཞིན་དེ་ལྟར་བཤད།
རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། ལིའུ་ཐུང་ཞིས་ཀྱིས་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཉིན་ལྟར་ལས་གནས་ཐོག་ལས་ཀ་ཆུ་ཚོད་20ཙམ་བྱས་པ་དང་། སྐབས་འགར་ཉལ་མ་ཐག་ཁ་པར་སླེབས་ནས་གཉིད་ལས་སད་དེ་འཕྲལ་མར་ལས་ཀར་ཞུགས་དགོས་ཀྱི་ཡོད། ཉིན་མཚན་བཅུ་གྲངས་འབད་འཐབ་བྱས་པ་དང་ས་ཚིགས་སུ་ལས་སྒྲུབ་བྱེད་སྐབས་ཆུ་ཚོད་ཁ་ཤས་ལངས་དགོས་ཀྱི་ཡོད་ཀྱང་ལིའུ་ཐུང་ཞིས་ཀྱིས་འཁང་ར་སྤུ་ཙམ་ཡང་བྱེད་མྱོང་མེད།