ཚེས་24ཉིན་གྱི་ཆུ་ཚོད་24བར། ནད་པ་113དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་པ་དང་། རྟགས་མེད་ནད་དུག་འགོས་པ་2185ལོགས་བཀར་གསོ་རིག་བརྟག་དཔྱད་བྱེད་མཚམས་བཞག་པ(སྒྲོམ་ཚང་སྨན་ཁང་ནས་དོན་པ)
ཚེས་25ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅུ་བདུན་པ་འཚོགས་ནས། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་དང་། རིམས་ནད་ཐོན་རིང་གཙོ་གནད་དངོས་ཟོག་དང་མི་དམངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དངོས་ཟོག་བསྐུར་སྐྱེལ་དང་། འཕྲལ་སྡོམ་དངོས་ཟོག་གྲབས་གསོག་དང་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཟླ་8ཚེས་24ཉིན་གྱི་ཆུ་ཚོད་0ནས་24བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་གཏན་འཁེལ་ནད་དཔེ་37(ལྷ་ས་གྲོང་ཁྱེར་ལ་ནད་དཔེ་21དང་། ཉིང་ཁྲི་གྲོང་ཁྱེར་ལ་ནད་དཔེ་11 ནག་ཆུ་གྲོང་ཁྱེར་ལ་ནད་དཔེ་4 མངའ་རིས་ས་ཁུལ་ལ་ནད་དཔེ་1)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་521(ལྷ་ས་གྲོང་ཁྱེར་ལ་168དང་། གཞིས་རྩེ་གྲོང་ཁྱེར་ལ་181 ལྷོ་ཁ་གྲོང་ཁྱེར་ལ་32 ཉིང་ཁྲི་གྲོང་ཁྱེར་ལ་8 ཆབ་མདོ་གྲོང་ཁྱེར་ལ་29 ནག་ཆུ་གྲོང་ཁྱེར་ལ་61 མངའ་རིས་ས་ཁུལ་ལ་42)མང་དུ་ཕྱིན་ཡོད་པ་རེད།
ཟླ་8ཚེས་24ཉིན་མང་དུ་ཕྱིན་པའི་ནད་དཔེའི་ཁྲོད་ནད་དཔེ་150ནི་སྤྱི་ཚོགས་ཐོག་ནས་དབྱེ་བཤེར་བྱས་རྗེས་ཤེས་རྟོགས་བྱུང་བ་དང་། ནད་དཔེ་408ནི་ལོགས་བཀར་དོ་དམ་ཚོད་འཛིན་ཁུལ་ནས་ཤེས་རྟོགས་བྱུང་བ་རེད།
ཟླ་8ཚེས་25ཉིན་གྱི་ཆུ་ཚོད་0ནས་14བར། ལྗོངས་ཡོངས་སུ་ཡུལ་དེ་གའི་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་ནད་དཔེ་18(ལྷ་ས་གྲོང་ཁྱེར་ལ་ནད་དཔེ་17དང་ནག་ཆུ་གྲོང་ཁྱེར་ལ་ནད་དཔེ་1)མང་དུ་ཕྱིན་པ་དང་། རྟགས་མེད་ནད་དུག་འགོས་པ་196(ལྷ་ས་གྲོང་ཁྱེར་ལ་84དང་། གཞིས་རྩེ་གྲོང་ཁྱེར་ལ་64 ལྷོ་ཁ་གྲོང་ཁྱེར་ལ་16 ཆབ་མདོ་གྲོང་ཁྱེར་ལ་1 ནག་ཆུ་གྲོང་ཁྱེར་ལ་9 མངའ་རིས་ས་ཁུལ་ལ་22)མང་དུ་ཕྱིན་ཡོད་པ་རེད།
ཟླ་8ཚེས་24ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ཁྱོན་ཉེན་ཁ་ཆེ་བའི་ཁུལ་559དང་ཉེན་ཁ་འབྲིང་བའི་ཁུལ་267ཡོད་པ་རེད།
ཟླ་8ཚེས་24ཉིན་གྱི་ཆུ་ཚོད་24བར། ལྗོངས་ཡོངས་སུ་ནད་པ་113དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པ་དང་། རྟགས་མེད་ནད་དུག་འགོས་པ་2185ལ་ལོགས་བཀར་གསོ་རིག་བརྟག་དཔྱད་བྱེད་མཚམས་བཞག་པ། (སྒྲོམ་ཚང་སྨན་ཁང་ནས་དོན་པ)ཐད་འབྲེལ་པ་4944ལ་གཅིག་སྡུད་ལོགས་བཀར་གསོ་རིག་བརྟག་དཔྱད་བྱེད་མཚམས་བཞག་པ། མིག་སྔར། མི་47081ལ་གཅིག་སྡུད་ལོགས་བཀར་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།
རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཆོས་དར་གྱིས་རིམས་འགོག་དང་འཚོ་བ་སོགས་དངོས་ཟོག་རྒྱུན་གཏན་ལྟར་འཁོར་རྒྱུག་དང་མཁོ་སྤྲོད་ཐུབ་མིན་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཕན་འབྲས་དང་འབྲེལ་བ་ཡོད། རིམས་ནད་ཐོན་རྗེས་རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་སྡེ་ཚན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་གྱི་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱས་ནས། ལས་རིགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཕྲལ་སྡོམ་སྔོན་ཇུས་མགྱོགས་མྱུར་ལག་བསྟར་དང་དངོས་ཟོག་སྡེབ་སྐྱེལ་གྱི་འཁོར་འབྲེལ་ཤར་བགྲོད་ཐུབ་པར་ཤུགས་སྣོན་བརྒྱབ་སྟེ“མཐའ་མའི་འགག་གནད”ཀྱི་གནད་དོན་རྒྱུན་ཆད་མེད་པར་བསལ་ནས་ནུས་ཤུགས་ཡོད་རྒུས་རིམས་ནད་ལ་ཁ་གཏད་གཅོག་པ་དང་ཤར་བགྲོད་འགན་ལེན་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་ཡོད་ཅེས་གསུངས་པ་རེད།
རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ཅུས་ཏང་ཙུའུ་ཡི་ཁོངས་མི་དང་། སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་། ཅུས་ཀྲང་གཞོན་པ་བཅས་ཡིན་པའི་ཧྲེ་ཞའོ་ཏུང་གིས་ངོ་སྤྲོད་གནང་དོན། ཟླ་8ཚེས་8ཉིན་ནས་ཟླ་8ཚེས་24ཉིན་བར། ལྗོངས་ཡོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་ཁེ་ལས་ཀྱིས་ཁྱོན་འཁོར་རིགས་སྣ་ཚོགས་1309བཏང་ནས་རིམ་རྩིས་བྱས་ན་དངོས་ཟོག་ཏུན་6199.89ཙམ་དབོར་འདྲེན་བྱས་པ་དང་། ཆེད་གཏོང་གནམ་གྲུས་རིམས་འགོག་དངོས་ཟོག་ཐེངས་གྲངས་13དབོར་བར་རིམ་རྩིས་བྱས་ན་རིམས་འགོག་དངོས་ཟོག་ཏུན་237ཡོད་པ། གྲོང་མིར་འཚོ་བའི་དངོས་ཟོག་ཁག་86197བསྐྱལ་ཞིང་། དེའི་ནང་སྨན་རྫས་དང་ཕྲུ་གུ་དམར་འབྱར་དང་བྱིས་པའི་མཁོ་རྫས་སོགས་ཆེད་མཁོའི་དངོས་ཟོག་6837དབོར་ཡོད་པ་རེད། མཐོ་རྒྱུགས་ཀྱི་སློབ་ཚུད་བརྡ་ཐོ་སྐྱེལ་སྤྲོད་ཐད། ཟླ་8ཚེས་24ཉིན་བར་རིམ་རྩིས་བྱས་ན། མཐོ་རྒྱུགས་ཀྱི་སློབ་ཚུད་བརྡ་ཐོ་11355དང་ལེན་བྱས་ཏེ་བརྡ་ཐོ་11253བསྐུར་ཟིན་པ་དང་། བརྡ་ཐོ་85སྐྱེལ་སྒང་ཡིན་པ། བརྡ་ཐོ་17བསྐུར་ཀྱང་ཕྱིར་སློག་བྱས་ཡོད་པ་རེད། སློབ་མའི་ཡིག་ཚགས་སྐྱེལ་སྤྲོད་འགན་ལེན་ཐད། ཟླ་8ཚེས་23ཉིན་བར་རིམ་རྩིས་བྱས་ན། སློབ་མའི་ཡིག་ཚགས་11865དང་ལེན་བྱས་པ་དང་། ཡིག་ཚགས་11816བསྐུར་ཟིན་པ། ཡིག་ཚགས་47བསྐུར་མི་ཐུབ་པ། ཡིག་ཚགས་2བསྐུར་ཀྱང་ཕྱིར་སློག་བྱས་ཡོད་པ་རེད། བསྐུར་མི་ཐུབ་པའི་སྦྲག་བསྐུར་མང་ཆེ་བ་ནི་ཉེན་ཁ་ཆེ་བའི་ཁུལ་ཡིན་པ་རེད།
སློབ་ཚུད་བརྡ་ཐོ་མི་འབྱོར་བའི་གནད་དོན་ཐག་གཅོད་ཇི་ལྟར་བྱེད་པའི་ཐད། ཧྲི་ཞའོ་ཏུང་གིས་གཅིག་ནས་སྦྲག་སྲིད་ཀུང་སིས་མུ་མཐུད་རྗེས་སྙེག་བྱས་ནས་སྔ་ཙམ་རྒྱུགས་སྤྲོད་སློབ་མའི་ལག་ཏུ་སྐྱེལ་སྤྲོད་བྱེད་རྒྱུ་དང་། གཉིས་ནས་ཉེན་ཁ་ཆེ་འབྲིང་ཁུལ་གྱི་རྒྱུགས་སྤྲོད་སློབ་མས་ལེན་ས་ཉེན་ཁ་ཆུང་བའི་ཁུལ་དུ་བསྒྱུར་དགོས་པ། གསུམ་ནས་བོད་ལྗོངས་སྦྲག་སྲིད་ཡན་ལག་ཀུང་སིས་སྐབས་བབ་དང་བསྟུན་ནས་སྔར་བཞིན་བསྐུར་མི་ཐུབ་པའི་གནས་ཚུལ་ཀྲུང་གོ་སྦྲག་སྲིད་ཚོགས་པའི་སྤྱི་ཁྱབ་ཀུང་སིར་སྙན་སེང་ཞུ་དགོས་པ་དང་། སྤྱི་ཁྱབ་ཀུང་སིས་དེ་མཚུངས་ཀྱི་མཐོ་སློབ་དང་འབྲེལ་མཐུད་བྱས་ནས་བྱ་ཐབས་སྤྱད་དེ་རྒྱུགས་སྤྲོད་སློབ་མ་སློབ་གྲྭར་བསྐྱོད་རྒྱུར་ཤུགས་རྐྱེན་མི་ཐེབས་པའི་འགན་ལེན་བྱེད་རྒྱུ་བཅས་རེད་ཅེས་གསུངས་པ་རེད།
རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་ཏང་ཨུད་ཀྱི་ཨུ་ཡོན་ཐིང་ཀྲང་གཞོན་པ་ལིའུ་ཞང་ཅུན་གྱིས། ལྗོངས་ཡོངས་ཀྱི་རིམ་ཁག་འཕྲལ་སྡོམ་དོ་དམ་སྡེ་ཚན་གྱིས་འཕྲལ་སྡོམ་དངོས་ཟོག་འགན་ལེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། འཕྲལ་མར་མི་སྣ་ལོགས་བཀར་དང་། ཉིང་སྐྱུར་བརྟག་དཔྱད། ཞིབ་བཤེར་ས་ཚིགས། གཞན་ཡུལ་དུ་ལུས་མཁན་བཀོད་སྒྲིག སྔོན་འགོག་ཚོད་འཛིན་མི་སྣ་བཅའ་སྲུང་། གནམ་ཐང་དུ་ལུས་པའི་འགྲུལ་པ་བཀོད་སྒྲིག་སོགས་ཀྱི་འཕྲལ་སྡོམ་དངོས་ཟོག་གི་དགོས་མཁོ་འགན་ལེན་བྱས་ཡོད། ཟླ་8ཚེས་24ཉིན་བར་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་གིས་གཏོང་སྤྲོད་བཀའ་རྒྱ་ཐེངས་46བཏང་བ་དང་། རང་སྐྱོང་ལྗོངས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)བདུན་དང་། རྫོང(ས་ཁུལ)19 རང་སྐྱོང་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཅུས། རང་སྐྱོང་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཐིང་བཅས་ལ་བཟོ་དབྱིབས་སྣ་ཚོགས་ཀྱི་གེགས་སེལ་གུར་དང་། ཉལ་ཁྲི་ལྟེབ་བརྩེགས་མ། སྲིང་བལ་ཉལ་ཆས། སྲིང་བལ་ཕོ་ཁེབས། བཞའ་འགོག་གདན་སོགས་འཕྲལ་སྡོམ་དངོས་ཟོག་རིགས་ཆེ་གྲས་5ཡི་སྣ་ཁ་29834སྤྲད་པ་རེད། གྲོང་ཁྱེར(ས་ཁུལ)བདུན་དང་རྫོང(ཆུས)71གི་འཕྲལ་སྡོམ་དོ་དམ་སྡེ་ཚན་གྱིས་འབྲུ་རིགས་གསོག་འཇོག་སྡེ་ཚན་དང་མཉམ་འབྲེལ་ཐོག་རིམ་པ་དེ་གའི་འཕྲལ་སྡོམ་དངོས་ཟོག་80834གཏོང་སྤྲོད་བྱས་ཡོད་ཅེས་གསུངས་པ་རེད།