དབུ་ཤོག>ཆེད་སྒྲིག
  • ཞི་བདེ་གྲོང་ཚོས་སྦྲང་དཀར་རྩམ་པར་བརྟེན་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-27

    རྨ་བྱ་ཁ་འབབ་ལུང་གཞུང་གི་ཐུན་མོང་མ་ཡིན་པའི་གནམ་གཤིས་ལས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཞི་བདེ་གྲོང་ཚོའི་ནས་དཀར“དཀར་མོ་དགུ་རྡོག”གི་ཐོན་འབབ་ལེགས་ལ་སྤུས་ཚད་ཀྱང་ཡག་པོ་ཡོད།

    ཐོན་ཁུངས་དེ་གང་ལེགས་སྤྱོད་ཆེད། ས་གནས་དེ་གའི་སྲིད་གཞུང་དང་ཞི་བདེའི་མང་ཚོགས་ཚོས་རྒྱུན་བསྲིང་ལྷོད་མེད་ངང་ནས་ཀྱི་ཐོན་ལས་རིམ་སྤོར་དང་ལེགས་སུ་གཏོང་རྒྱུར་གཞོལ་ནས། མངའ་རིས་ས་ཁུལ་དུ་གཞི་ཁྱོན་ཆེན་པོ་ལྡན་པའི་དེང་རབས་ཅན་གྱི་ནས་དཀར་ལས་སྣོན་བཟོ་གྲྭ་ཞིག་བཙུགས་ཏེ་ཞི་བདེ་གྲོང་ཚོ་ཙམ་མ་ཟད། རྫོང་ཡོངས་ཀྱི་གྲོང་གསེབ་དར་རྒྱས་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་ཆེད་སྒུལ་ཤུགས་ཆེན་པོ་ཞིག་བསྣན་ཡོད།

    ལོ་ངོ་ཉི་ཤུ་ལྷག་ཙམ་རིང་རྩམ་པ་ལས་སྣོན་ལ་གཞོལ་བ།

    2002ལོ་ནས་བཟུང་། ཞི་བདེ་གྲོང་ཚོས་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་དེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་ནས་ཞི་བདེའི་རྩམ་པ་ལས་སྣོན་བཟོ་གྲྭ་བཙུགས་པ་དང་འབྲེལ་མཉམ་ལས་ཁང་ཡང་བཙུགས་ནས། རྩམ་པ་དང་པད་ཁ་ལས་སྣོན་བྱ་རྒྱུ་ལས་སྒོ་གཙོ་བོར་བྱས་ཤིང་། སྨི་ངོས་གྲུ་700ཟིན་པའི་བཟོ་ཁང་དང་། ཆུ་འཁོར་14 འཁོར་ཁང་2སོགས་བསྐྲུན་ཡོད་པ་རེད།

    2018ལོར་ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པའི་རྒྱབ་སྐྱོར་འོག་སྤུ་ཧྲེང་རྫོང་གིས་བོད་སྐྱོར་མ་དངུལ་སྒོར་ཁྲི་665.22སྤྱི་འདོམས་བཀོད་སྒྲིག་བྱས་ནས། རྩམ་པ་ལས་སྣོན་བཟོ་གྲྭ་དང་རྩམ་པའི་བག་ལེབ་ལས་སྣོན་བྱེད་ས་གསར་དུ་བསྐྲུན་པ་མ་ཟད། ཞི་བདེའི་རྩམ་པ་དཀར་པོ་འདི་ཉིད“རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས”སུ་འདུན་ཞུ་བྱས་པ་ལམ་ལྷོངས་བྱུང་ཡོད། 2019ལོར་གྲོང་ཚོའི་སྣུམ་དང་རྩམ་པ་ལས་སྣོན་མཉམ་ལས་ཁང་བསྡུ་སྒྲིལ་བྱས་ནས་ཞི་བདེའི་ཁོའོ་ཡོན་ཏིས་བཟའ་བཅའ་ཚད་ཡོད་ཀུང་སི་བཙུགས་པ་དང་འབྲེལ། མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་དམ་པོར་དམིགས་ནས་མང་ཚོགས་ཀྱིས་ཁྲོམ་རར་ཞུགས་པ་དང་ཁྲོམ་རར་མཉམ་འདྲེས་བྱེད་པའི་ཧུར་སེམས་གང་ལེགས་འཕེལ་བར་བྱས་ཡོད།

    ཞི་བདེ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བསྟན་འཛིན་དོན་གྲུབ་ཀྱིས“2021ལོར་ང་ཚོ་ཞི་བདེ་ཁོའོ་ཡོན་ཏིས་བཟའ་བཅའ་ཚད་ཡོད་ཀུང་སིར་ཁྱོན་ཡོང་འབབ་སྒོར་ཁྲི་95ལྷག་ཙམ་བྱུང་བ་དང་། ཁེ་གཙང་ཡོང་འབབ་སྒོར་ཁྲི་28ལྷག་ཙམ་བྱུང་ནས་གྲོང་མི་ཚོར་བགོ་འགྲེམས་སྒོར་ཁྲི་7ལྷག་ཙམ་རག་པས། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཅུང་ཡག་པོ་ཐོན་ཡོད”ཅེས་བཤད།

    གྲོང་ཚོ་ནས་ཁ་བྲལ་མི་དགོས་པར་ཕྱུག་པོའི་ལམ་དུ་བསྐྱོད་པ།

    འདི་ལོ་ལོ་52ལ་སླེབས་པའི་ཀུང་སིའི་རྩམ་པའི་ལག་རྩལ་གྱི་འགན་འཁུར་བ་པ་སངས་ཚེ་རིང་གིས“ལོ་ཁ་ཤས་གོང་།

    ང་ཚོའི་ཁྱིམ་གྱི་ཡོང་འབབ་གཙོ་བོ་ནི་ཞིང་ཁ་འདེབས་པ་དང་རྒྱལ་ཁབ་ཀྱི་ཁ་གསབ་རེད། བུ་ཆུང་བ་སློབ་ཆེན་འགྲིམ་དགོས་སྟབས་ང་ཕྱིར་གླ་པར་འགྲོ་རྒྱུ་ལས་མ་འདས་པ་དང་ཕྱིར་སྐྱོད་ཐེངས་རེར་རྟག་ཏུ་ཟླ་བ་ཁ་ཤས་འགོར་ནས། ནང་མི་ཚོར་ལྟ་རྟོགས་ཐུབ་ཀྱི་མི་འདུག”ཅེས་བཤད།

    སྟབས་ལེགས་པ་ཞིག་ལ་ལས་ལ་བརྩོན་ཞིང་ཞིབ་ཚགས་པའི་པ་སངས་ཚེ་རིང་ནི་མི་རྣམས་ཀྱིས་རྒྱུན་དུ་བསྔགས་བརྗོད་བྱ་ཡུལ་ཞིག་ཡིན་པས། 2020ལོར་གྲོང་མི་ཚོས་ཁོང་ཞི་བདེ་ཁོའོ་ཡོན་ཏིས་བཟའ་བཅའ་ཚད་ཡོད་ཀུང་སིའི་རྩམ་པའི་ལག་རྩལ་གྱི་འགན་འཁུར་བར་འོས་སྦྱོར་བྱས་ཤིང་། དུས་རྒྱུན་ཁོང་གིས་རྩམ་པ་འཐག་པ་ཕུད། ད་དུང་གྲོང་མི་ཚོར་རྩམ་པ་འཐག་སྟངས་བསླབས་ནས་མང་ཚོགས་དེ་བས་མང་བར་ལག་རྩལ་སྣ་གཅིག་བྱང་ཆུབ་པར་བྱས་ཡོད།

    ཀུང་སིར་ཞུགས་ནས་ལོ་གཉིས་ལྷག་ཙམ་སོང་རིང་། པ་སངས་ཚེ་རིང་ལ་ཟླ་རེའི་གླ་ཕོགས་སྒོར་5100ཡོད་པའི་ཁར་ནས་བྲིན་ཚོང་གི་ཡོང་འབབ་དང་། ཀུང་སིའི་བགོ་འགྲེམས། སྲིད་ཇུས་རང་བཞིན་གྱི་ཁ་གསབ་བཅས་བསྣན་ཚེ་ན་ནིང་ཁྱིམ་ཚང་གི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་12ལྷག་ཙམ་ཟིན་ཡོད་པ་རེད།

    པ་སངས་ཚེ་རིང་གིས་དགའ་ཚོར་ཆེན་པོས“ད་ཆ་ང་གྲོང་ཚོ་ནས་ཁ་བྲལ་མི་དགོས་པར་ལས་ཞུགས་བརྟན་པོ་ཐུབ་བྱུང་ལ། ནང་མི་དང་ཡང་ཁ་བྲལ་མི་དགོས་པ་དང་། ཐ་ན་ཁྱིམ་གྱི་ཞིང་ལས་ལའང་འཐུས་ཤོར་འགྲོ་ཡི་མི་འདུག”ཅེས་བཤད།

    ཐབས་ལམ་ཡངས་མོ་ཕྱེ་ནས་ཕྱུག་པོའི་ལམ་དུ་བསྐྱོད་པ།

    འགྱུར་མེད་ལྷ་མོའི་ཞིང་ཁ་ཀུང་སིའི་རྒྱལ་སྒོའི་མདུན་དུ་ཡོད་པ་དང་། འགྱུར་མེད་ལྷ་མོ་རྔུལ་ཆུ་ཁྲུམ་ཁྲུམ་དུ་ཞིང་ཁའི་ནང་ཡུར་མ་རྒྱག་བཞིན་འདུག

    “ང་ཚོའི་ཁྱིམ་ལ་ས་ཞིང་མུའུ་13ཡོད་པས་གྲོང་ཚོའི་ནང་ནས་རྒྱ་ཆེ་ཤོས་རེད”“རྩམ་པ་ལས་སྣོན་བཟོ་གྲྭ་མ་བཙུགས་གོང་ལོ་ལྟར་བཀར་འཇུག་བྱས་པའི་ནས་རྣམས་རང་ཉིད་ཀྱིས་འཚོང་དགོས་པ་མ་ཟད། གོང་ཡང་དེ་ཙམ་རག་གི་མེད། ད་དུང་བཙོངས་མ་ཚར་ཚེ་མཛོད་ཁང་དུ་ཉར་ནས་སང་ལོ་རྩམ་པ་བཏགས་ཏེ་ཟ་དགོས་ཀྱི་ཡོད”ཅེས་འགྱུར་མེད་ལྷ་མོས་བརྗོད།

    ད་ཆ་ཞི་བདེའི་ཁོའོ་ཡོན་ཏིས་བཟའ་བཅའ་ཚད་ཡོད་ཀུང་སིའི་སྣེ་ཁྲིད་འོག་འགྱུར་མེད་ལྷ་མོའི་ཁྱིམ་གྱི་ནས་འཚོང་བར་སེམས་ཁྲལ་གཏན་ནས་བྱེད་དགོས་ཀྱི་མེད། ན་ནིང་ཀུང་སིས་མུའུ་རེར་རྒྱ་མ་170བརྩིས་ནས་རྒྱ་མ་རེར་སྒོར་2.5སྤྲད་དེ་གྲོང་ཚོ་ཡོངས་ཀྱི་ནས་རྣམས་གཅིག་གྱུར་ཐོག་ཉོས་པ་དང་རྒྱ་མ་རེར་ཁྲོམ་རའི་གོང་ཚད་ལས་སྒོར་0.5ཡིས་མཐོ་བ་སྤྲད་ཡོད། དེ་དང་ཆབས་ཅིག་གྲོང་ཚོ་ཨུ་ལྷན་གྱི་གཅིག་གྱུར་བཀོད་སྒྲིག་འོག་འགྱུར་མེད་ལྷ་མོས་ཟླ་བ་མི་རེ་ངོ་རེར་ཀུང་སིར་ལས་ཀར་ཉིན་འགའ་ཤས་འགྲོ་གི་ཡོད་པས་གླ་ཆ་ཕུད་ལོ་མཇུག་ཏུ་ད་དུང་ཀུང་སི་ནས་བགོ་འགྲེམས་ལེན་རྒྱུ་ཡོད།

    ཉེ་བའི་ལོ་ཤས་རིང་། ཞི་བདེའི་ཁོའོ་ཡོན་ཏིས་བཟའ་བཅའ་ཚད་ཡོད་ཀུང་སི་ཟམ་མི་ཆད་པར་རྒྱ་སྟོབས་ཆེ་རུ་ཕྱིན་པས། ཞི་བདེ་གྲོང་ཚོའི་མང་ཚོགས་ཀྱི་ཕྱུག་འགྱུར་ཐབས་ལམ་ཡང་ཉིན་རེ་བཞིན་རྒྱ་ཆེ་རུ་ཕྱིན་ཏེ་འདེབས་འཛུགས་འབབ་འཕར་དང་། ལས་སྒྲུབ་འབབ་འཕར། བགོ་འགྲེམས་འབབ་འཕར་སོགས་འབབ་འཕར་འབྱུང་ཁུངས་སྣ་ཚོགས་ལས་གྲུབ་པའི་ལམ་བུ་ཡངས་མོ་ཞིག་ཏུ་བསྐྱོད་ནས་ཐོན་ལས་ཀྱིས་འདེགས་སྐྱོར་བྱས་པའི་ཡུན་རིང་ཕུགས་ཕན་གྱི་འབབ་འཕར་ལམ་སྲོལ་ཞིག་གྲུབ་ཡོད།

    བཅར་འདྲི་མཇུག་འགྲིལ་སྐབས་ཉི་མ་བཞུད་ལ་ཉེ་ཞིང་། ཞི་བདེ་གྲོང་ཚོའི་མང་ཚོགས་རྣམས་ཞིང་ནང་དུ་ཉིན་གང་ལས་བྱས་རྗེས་སམ་ཡང་ན་ཀུང་སི་ནས་ལས་ཐག་བཅད་རྗེས་མི་གཉིས་གསུམ་ལྷན་དུ་འགྲོགས་ཏེ་ཁྱིམ་ལ་ལོག་བཞིན་འདུག ལ་ཁའི་ཉི་མའི་བཀྲག་མདངས་ཀྱིས་འཇམ་མཉེན་གྱི་ནས་ཀྱི་སྙེ་མོ་དག་ལ་གསེར་འོད་བརྒྱན་པ་ལྟར་དུ་སྣང་ལ། ཁོང་ཚོའི་ཁྱིམ་དུ་ལོག་པའི་ལམ་བུར་གསལ་ལེར་འཕྲོས་འདུག

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།