2015ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས། ཡུན་ནན་གྱིས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་གནང་ཡོད། ཡུན་ནན་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་འབད་འབུངས་ཧུར་བརྩོན་གྱིས་ལས་དོན་རེ་རེ་བཞིན་བསྒྲུབས་པས། ལོ་བཅུའི་རིང་ཡུན་ནན་གྱི་དཔལ་འབྱོར་བསྡོམས་འབོར་ལོ་རེར་ཆ་སྙོམས་8.7%འཕར་ཡོད།
མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་ཐོག་མར་དབུལ་ཕོངས་ཀྱི་དཀའ་གནད་ལས་སྒྲོལ་དགོས། ལོ་བཅུའི་རིང་འགག་སྒྲོལ་དཀའ་སེལ་དང་འགག་སྒྲོལ་དམག་འཐབ་ནང་ཧུར་ཐག་ཞུགས་པས། ཞིང་ཆེན་ཡོངས་ཀྱི་མི་འབོར་དབུལ་པོ་ཁྲི་933ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་88ཚང་མའི་དབུལ་ཞྭ་ཕུད་ལ། མི་ཁྲི་150ཡུལ་གཞན་དུ་གནས་སྤོ་ཐུབ་ནས་ཡུན་ལིང་ས་གཞི་ཆེན་པོར་ལོ་ངོ་སྟོང་རིང་གནས་པའི་དབུལ་པོ་དབུལ་རྐྱང་གི་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་ཐུབ་ཡོད།
མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་ད་དུང་ཐོན་ལས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་དཀའ་གནད་ལས་སྒྲོལ་དགོས། 2020ལོར་ལྗང་མདོག་ནུས་རྒྱུའི་ཐོན་ལས་ཀྱིས་རྡོ་ཐའི་ཚབ་བྱས་ཏེ་ཀ་རྟེན་ཐོན་ལས་ཆེ་གྲས་དང་པོར་གྱུར་ནས། ཡུན་ནན་དུ་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་པའི་སྐྱ་རེངས་ཤར་ཡོད། ས་མཐོའི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ནས་ཡུན་ནན་གྱི་རིག་ལྡན་ཡུལ་སྐོར་རྒྱལ་ཡོངས་ཀྱི་མིག་དཔེར་གྱུར་ལ། ལྗང་མདོག་ཧ་ཡང་དང་། ལྗང་མདོག་སྭེལ། རྒྱུ་ཆ་གསར་པ་སོགས་ཐོན་ལས་འཁོར་འབྲེལ་དེ་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད། རྗེས་འཕེལ་སྙེག་བརྒལ་བྱས་ཏེ་ཡུན་ནན་གྱི་རླངས་འཁོར་ཤར་གཏོང་ཐུབ་པའི་མྱུར་བགྲོད་གཞུང་ལམ་གྱི་རིང་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དང་། ཀྲོའུ(གྲོང་ཁྱེར)16ལས་ཕྱེད་ཀ་ཙམ་ལ་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་ཡོད།
མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྒོ་དབྱེའི་དཀའ་གནད་ལས་སྒྲོལ་དགོས། ཀྲུང་གོ་དང་ལོ་སིའི་དབར་གྱི་ལྕགས་ལམ་2021ལོའི་ལོ་མཇུག་ཏུ་ཤར་གཏོང་ཐུབ་པ་ནས་བཟུང་འགྲུལ་པ་མི་ཐེངས་ཁྲི་554དང་དངོས་ཟོག་ཏུན་ཁྲི་600སྐྱེལ་འདྲེན་བྱས་པ་དང་། ཀྲུང་གོ་དང་འབར་མའི་བགྲོད་ལམ་གསར་པའི་མཚོ་ཐོག་དང་། གཞུང་ལམ། ལྕགས་ལམ་བཅས་མཉམ་འབྲེལ་གྱི་སྐྱེལ་འདྲེན་ལམ་བུའི་ཚོད་གཏོང་ཡང་བདེ་བླག་བྱུང་ཡོད། དེ་ནི་ཡུན་ནན་གྱིས་རང་འགུལ་ངང་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་དེར་ཞུགས་པའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཤིག་ཡིན་ཞིང་། ཀྲུང་གོའི(ཡུན་ནན)རང་མོས་ཚོང་དོན་ཁུལ་ལ་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཁག་46ཐོབ་པ་དང་། ཁུན་མིང་གྲོང་ཁྱེར་གྱིས་ཤིས་ཧྲོང་པན་ནཱའི་ཏའེ་རིགས་རང་སྐྱོང་ཀྲོའུ་མོར་ཧན་གྲོང་རྡལ་ལ་དངོས་སུ་མངགས་བཅོལ་དོ་དམ་བྱས་ཡོད། གསར་གཏོད་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། ཡུན་ནན་གྱིས་སྒོ་དབྱེར་བརྟེན་ནས་གསར་སྤེལ་ཆེན་པོར་སྐུལ་འདེད་དང་གསར་སྤེལ་ཆེན་པོར་བརྟེན་ནས་འཕེལ་རྒྱས་ཆེན་པོར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།