དབུ་ཤོག>ཆེད་སྒྲིག
  • སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་རྣམ་པ་གསར་པ་གཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-08-18

    རྣམ་གྲངས་འགྲན་བསྡུར་ལས་ཐོན་ལས་དང་དམངས་འཚོར་འཕེལ་རྒྱས་ཆེན་པོ་བྱུང་བ།

    ད་ལོའི་ཟླ་4པའི་ཟླ་དཀྱིལ་དུ་གསར་འགོད་པས་བཅར་འདྲི་བྱེད་སྐབས་ལས་ཡུལ་དུ་སྔར་བཞིན་ལས་བྲེལ་གྱིས་ཁེངས་ཡོད། ཟླ་གཉིས་ཀྱི་རྗེས་སུ་སླར་ཡང་གནས་དེར་སྐྱོད་སྐབས་བཟོ་གྲྭ་ཞིག་བསྐྲུན་ཟིན་འདུག་ལ། ཟླ་6པའི་ཚེས་29ཉིན་ནུས་རྒྱུ་གསར་པའི་གློག་རྫས་རྒྱུ་ཆའི་རྣམ་གྲངས་དེས་དུས་ཐེངས་དང་པོའི་ཐོན་སྐྱེད་བྱེད་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་རེད། མ་རྩ་སྒོར་དུང་ཕྱུར་100ལྷག་ཙམ་བཏང་བའི་ཁུན་མིང་གྲོང་ཁྱེར་ཨན་ཉིང་བཟོ་ལས་གླིང་གི་ཡུན་ནན་ཡུས་ནེང་རྣམ་གྲངས་དེ་ངོ་འཕྲད་གྲོས་མོལ་ནས་གན་རྒྱ་བཞག་པའི་བར་ཟླ་བ་གཉིས་ཀྱང་འགོར་མེད་ལ། རྣམ་གྲངས་ཀྱི་དུས་ཐེངས་དང་པོ་སྐྲུན་འགོ་ཚུགས་པ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པའི་བར་ཟླ་བ་4ཡང་འགོར་མེད་པ་རེད།

    “ཐོན་ལས་ལ་དམ་འཛིན་ལྷོད་མེད་དང་བཟོ་ལས་གཙོ་བོར་འཛིན་དགོས”ཞེས་པ་ནི་ཁུན་མིང་གྲོང་ཁྱེར་གྱི“སྣེ་ཁྲིད་དམག”གི་འགྲན་བསྡུར་བྱ་ཡུལ་གཙོ་བོ་ཞིག་རེད། འགྲན་བསྡུར་ཆེ་མོར་གཡོ་ཟོལ་བྱེད་མི་རུང་། དང་ཐོག་འགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་ཚོང་འགུགས་མ་འདྲེན་གྱི“འགོ་གཙོ་དང་པོ”སྔོན་ལ་བྱེད་དགོས་ཀྱི་ཡོད། དུས་ཚིགས་རེར་གཙོ་གནད་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་རེ་འཚོགས་ནས་འགྲན་བསྡུར་གྱི་འབྲས་བུའི་ཨང་རིམ་ཚོགས་འདུའི་ཐོག་ཡོངས་བསྒྲགས་བྱས་ཏེ། རྫོང་དང་གྲོང་ཁུལ་ཁག་གིས་འགྲན་སློབ་སྙེག་བརྒལ་བྱེད་པར་སྐུལ་ལྕག་བྱས་པ་རེད།

    དཔལ་འབྱོར་ལས་དོན་གྱི་འགྲན་བསྡུར་ཙམ་མ་ཟད། ད་དུང་གསར་གཏོད་འཕེལ་རྒྱས་དང་། སྒྱུར་བཅོས་སྒོ་དབྱེ། གྲོང་ཁྱེར་འཛུགས་སྐྲུན་དོ་དམ། དམངས་འཚོའི་བདེ་རྩ་ཆེར་གཏོང་། ལས་བྱེད་པའི་དཔུང་ཁག་གི་ལས་སྒྲུབ་ངར་སེམས་སོགས་ཀྱང་འགྲན་པ་རེད། ད་ལོའི་ཟླ་5པའི་ཟླ་མཇུག་ཏུ“ཁུན་མིང་དང་ཤིས་ཧྲོང་པན་ནཱ་ཡིས་མོར་ཧན་འགག་སྒོའི་གྲོང་ཁྱེར་མཉམ་དུ་བསྐྲུན་རྒྱུ་དང་། མོར་ཧན་ལ་དངོས་སུ་མངགས་བཅོལ་དོ་དམ་བྱེད་རྒྱུའི”གནས་ཚུལ་ཡོངས་བསྒྲགས་བྱས་མ་ཐག་འཕྲལ་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད་ལ། ཁུན་མིང་གྲོང་ཁྱེར་གྱིས་གྲོང་སྤུས་མཐོ་རུ་གཏོང་བའི་བྱ་སྤྱོད་ཆེ་གྲས་བདུན་དུས་གཅིག་ཏུ་སྤེལ་ཞིང་། དམངས་འཚོའི་བྱ་བ་དངོས་ཆུང་ཙག་ཁག་118ལ་དམ་འཛིན་ཡག་པོ་བྱས་པས། ད་ཆ་དཔྱིད་ཀྱི་མེ་ཏོག་གླིང་ཁའི་མཚན་སྙན་ལྡན་པའི་ཁུན་མིང་དུ་ལས་བྱེད་པའི་སྙིང་སྟོབས་རབ་ཏུ་འཕེལ་བ་དང་མང་ཚོགས་ཀྱི་ཐོབ་སྣང་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད།

    འགལ་བ་བསལ་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཆེ་རུ་བཏང་བ།

    ཡུས་ཤིས་གྲོང་ཁྱེར་ཐུང་ཧའེ་རྫོང་ནཱ་ཀུ་གྲོང་རྡལ་གྱི་ཁོངས་གཏོགས་སུ་གྲོང་ཚོ་ཨུ་ལྷན་གཉིས་དང་གྲོང་ཚོའི་ཚོགས་ཆུང་7ཡོད། ས་རྒྱ་དེ་ཙམ་ཆེན་པོ་མེད་ཀྱང་ཡུལ་མི་མཉམ་དུ་འདུས་སྡོད་བྱེད་པས་ཁོངས་གཏོགས་ཁུལ་དུ་དཔལ་འབྱོར་དང་ས་ཆ་སོགས་ཀྱི་རྩོད་གཞི་རྟག་ཏུ་ཐོན་གྱི་ཡོད། དེའི་ཁྲོད་ཀུ་ཁྲེང་གྲོང་ཚོའི་མཱ་ཚང་བུ་སྤུན་གསུམ་གྱི་ས་ཆའི་རྩོད་གཞི་མངོན་གསལ་དོད་ཤོས་ཡིན། གང་ལགས་ཤེ་ན། ཞིང་ཁའི་བདག་དབང་སུ་ལ་དབང་མིན་ཐད་བུ་སྤུན་གསུམ་གྱིས་དུས་རབས་གོང་མའི་ལོ་རབས་80པ་ནས་བརྩད་དེ་ད་བར་དུ་མི་ཚེ་ཕྱེད་ཙམ་འདས།

    2019ལོར། ནཱ་ཀུ་གྲོང་རྡལ་མངགས་གཏོང་ཁང་ལ་བུ་སྤུན་གསུམ་གྱི་ས་ཆའི་རྩོད་གཞིའི་གནས་ཚུལ་སྙན་སེང་ཐེངས་9འབྱོར་ཡོད། “ས་ཆའི་རྩོད་གཞི་ཡིན་པར་བརྟེན། མངགས་གཏོང་ཁང་གིས་དོ་བདག་ལ་ཁ་ཏ་བསླབ་བྱ་བྱས་ནས་ལོག་གཏོང་བ་ལས། འགལ་བ་ཐག་གཅོད་ལེགས་པོ་ཞིག་བྱེད་ཐབས་བྲལ”ཞེས་མངགས་གཏོང་ཁང་གི་སུའོ་ཀྲང་ཀྲོའུ་ཀྲེང་ཝེས་སེམས་ཁྲལ་ངང་བཤད་ལ། འགལ་བ་ཡུན་རིང་ཐག་གཅོད་མ་བྱུང་ཚེ་བདེ་འཇགས་ལའང་གནོད་སྲིད་པ་རེད།

    2020ལོར་ནཱ་ཀུ་གྲོང་རྡལ་མངགས་གཏོང་ཁང་གིས་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་དང་མཉམ་དུ“1+1+1+N”ཡི་འགལ་ཟླ་རྩོད་གཞིར་མཉམ་བཤེར་མཉམ་འདུམ་གྱི་ལམ་སྲོལ་འཚོལ་ཞིབ་ཀྱིས་བཟོས་ཏེ། གྲོང་ཚོ་ཨུ་ལྷན་2པོ་དྲ་མིག་7ལ་བགོས་པ་དང་དྲ་མིག་རེ་རེར་གྲོང་རྡལ་སྲིད་གཞུང་གི་ཁོའོ་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པ་1དང་། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་1 གྲོང་ཚོའི་ལས་བྱེད་པ་1བཅས་ཀྱིས་འགན་འཁུར་དུ་བཅུག་ཡོད།

    2021ལོའི་ཟླ་7པར། ཚོད་སྐོར་བྱས་པ་བརྒྱུད་ནཱ་ཀུ་གྲོང་རྡལ་མངགས་གཏོང་ཁང་གིས་རིམ་པ་གཉིས་པའི་འགལ་ཟླ་རྩོད་གཞི་འདུམ་འགྲིག་ལམ་སྲོལ་ལག་བསྟར་བྱེད་འགོ་བཙུགས་ཏེ། དོ་བདག་དང་། གྲོང་རྡལ་གྱི་ས་ཆ་དོ་དམ་སུའོ། ཁྲིམས་འཛིན་སུའོ། གྲོང་ཚོའི་ལས་བྱེད་པ་བཅས་སྒྲིག་འཛུགས་ཀྱིས་ཀུ་ཁྲེང་གྲོང་ཚོའི་ཡུལ་མིའི་འདུམ་འགྲིག་ཁང་དུ་འདུམ་འགྲིག་ཐེངས་དང་པོ་བྱས་པ་རེད།

    ཕྱོགས་ཁག་གི་འབད་བརྩོན་ལ་བརྟེན་ནས་རྩོད་གཞི་དེར་ཟླ་བ་གསུམ་ལ་འདུམ་འགྲིག་ཐེངས་7བྱས་པ་བརྒྱུད། གཅེན་པོས་གཅུང་པོ་གཉིས་ལ་དཔལ་འབྱོར་ཁ་གསབ་སྤྲོད་པའི་ཐོག་ནས་ཐག་གཅོད་ཐུབ་ཡོད། ཁྲིམས་འཛིན་སུའོ་ཡིས་དཔང་པོ་བྱས་སྟབས་བུ་སྤུན་གསུམ་གྱིས་འདུམ་འགྲིག་གི་གྲོས་མཐུན་ལ་མིང་རྟགས་བཀོད་དེ། ལོ་38བརྒྱུད་པའི་ས་ཆའི་རྩོད་གཞི་དེ་གཞི་ནས་མཇུག་འགྲིལ་བ་རེད།

    “མཉམ་བཤེར་མཉམ་འདུམ་གྱི་ལམ་སྲོལ་དེ་ལས་རྩོད་གཞིར་དོ་དམ་བྱེད་མཁན་དང་འདུམ་འགྲིག་བྱེད་མཁན་ཡོད་པ་དང་། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཀྱང་ཆེ་རུ་ཤུགས་ཆེན་ཕྱིན་ཡོད”ཅེས་ཀྲོའུ་ཀྲེང་ཝེས་བཤད། ཁོང་གིས་རིམ་རྩིས་བྱས་ན། ད་བར་དུ་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་280ལྷག་ཙམ་ཐག་གཅོད་བྱས་པ་དང་འདུམ་འགྲིག་བྱེད་ཚད་100%ཟིན་ནས་ཁྱིམ་མཚེས་དབར་གྱི་འགལ་བ་ཇེ་སྡུག་ཏུ་འགྲོ་རྒྱུར་བཀག་འགོག་ནུས་ལྡན་ཐུབ་ཡོད་ཅེས་བཤད།

    2016ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་འགལ་ཟླ་དང་རྩོད་གཞི་ཁྱོན་ཁྲི་90ལྷག་བསལ་ཏེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་འབྱུང་རྩ་ནས་འགོག་ཟོན་ཐུབ་སྟེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་བྱུང་ཡོད།

    རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་པ་ལས་ཡུལ་སྐོར་བའི་མྱོང་ཚོར་ལྷག་པར་བཟང་བ།

    ཧོ་ཡུས་མེའོ་ཡི་འཇང་རིགས་སྤྲོ་སྐྱིད་ཁྱིམ་གྱི་སྒོ་རའི་ནང་གནའ་བོའི་སྟོན་པའི་ཞབས་བྲོ་དང་། ཤིང་ལོར་ཕུ་འདེབས། ལག་རྔ་རྡུང་བ། ཤོག་དྲས་སོགས་མྱོང་རོལ་བྱེད་པར་ཡོང་མཁན་གྱི་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོད་པ་རེད། དབྱར་གསེང་བཞག་པ་དང་བསྟུན་ནས་ལི་ཅང་གྲོང་ཁྱེར་ཡང་ཉིན་བཞིན་འཁྲུག་ཆ་དོད་དུ་ཕྱིན་པ་དང་། ཉིན་ལྟར་ཡུལ་སྐོར་བ་མི་ཐེངས་ཁྲི་10ལྷག་ཙམ་ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ལས་རིགས་སླར་གསོ་ཡག་པོ་བྱུང་བ་རེད།

    གནའ་ཉམས་དོད་ལ་བབ་ཆགས་པའི་ཁང་པ་དང་ས་གནས་ཀྱི་རིག་གནས་ཁྱད་ཆོས་ལྷག་པར་ལྡན་པས། ལི་ཅང་གནའ་གྲོང་ལ་ཡུལ་སྐོར་བ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཡིན་ཡང་སྐབས་ཤིག་རིང་ལི་ཅང་གནའ་གྲོང་གི་ཡུལ་སྐོར་ཐོན་རྫས་ལ་རང་ཡུལ་གྱི་ཁྱད་ཆོས་དབེན་པས་ཀུན་གྱི་རྩོད་གླེང་བྱ་ཡུལ་དུ་གྱུར།

    ཡུལ་སྐོར་བའི་དགོས་མཁོ་དང་ཁྲོམ་རའི་འགྱུར་ལྡོག་ལས་ལི་ཅང་གི་ཡུལ་སྐོར་ཁྲོམ་རའི་ལས་རྣམ་གསར་པ་དང་ཐོན་རྫས་གསར་པར་སྐུལ་འདེད་ཐེབས་ལ། ད་ཆ་ཁྲོམ་གཞུང་དང་སྲང་ལམ་གང་སར་སྟོན་པའི་ཤོག་དྲས་ཁང་དང་། ས་གནས་དེ་གའི་མི་རིགས་ཀྱི་གྱོན་ཆས། ལི་ཅང་གི་བག་ཟན་བཟོ་བ་སོགས་རིག་གནས་མྱོང་རོལ་བྱེད་སྒོ་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། ལས་རྣམ་གསར་པ་ལས་ཡུལ་སྐོར་བ་ཚོས་རོལ་རྩེད་ཀྱི་རྣམ་པ་བརྒྱུད་ནས་ས་གནས་དེ་གའི་ཕྱོགས་ཡོངས་ལ་མྱོང་རོལ་གཏིང་ཟབ་ཐུབ་ཀྱི་ཡོད།

    “རིག་ལྡན་ཞབས་ཞུའི་མ་ལག་བརྒྱུད། ང་ཚོས་རྒྱབ་ཕྱོགས་སུ་ཕྱིར་དོན་མཁན་དང་ནང་དུ་འཛུལ་མཁན་གྱི་གྲངས་གཞིའི་མཛོད་དང་མི་ཚོགས་དབྱེ་ཞིབ་ལས་སྟེགས་བཙུགས་ནས་མཛེས་ལྗོངས་ཁུལ་དུ‘སྔོན་མངགས་དང་། འཚང་གཡོལ། འགྲོ་སྐྱོད་ཚོད་འཛིན’བཅས་ཀྱི་བླང་བྱ་ནུས་ལྡན་ངང་མངོན་འགྱུར་ཐུབ་པ་དང་དུས་མཚུངས་སུ། མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་དང་། མེ་ཟོན། བཟའ་བཅའི་བདེ་འཇགས། ཡུལ་སྐོར་བར་མགོ་སྐོར་གཏོང་བ་སོགས་ལ་ལྟ་འདོམས་ཀྱི་ལས་ཕྱོད་ཆེ་རུ་བཏང་ནས། ཡུལ་སྐོར་བའི་དགོས་མཁོ་དང་ཚོང་པའི་ཞབས་ཞུ་དེ་སྲིད་གཞུང་གི་ལྟ་འདོམས་དང་འབྲེལ་མཐུད་ནུས་ལྡན་བྱས་ཏེ་ཡུལ་སྐོར་བས་བློ་བདེ་པོའི་ངང་ཡུལ་སྐོར་ཐུབ་པར་བྱས་ཡོད”ཅེས་ལི་ཅང་གནའ་གྲོང་སྲུང་སྐྱོང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་མུའུ་ཧྲེང་གིས་བཤད།

    སྐྱེ་ཁམས་སྔོན་ལ་བཞག་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་པ།

    མཚོ་སྐོར་བཙོག་སེལ་མདོང་དྲ་བསྐྲུན་པ་ནས་སྐྱེ་ཁམས་གནས་སྤོ་དང་རྫས་ལུད་བཀག་པ་ལ་སོགས། འདས་ཟིན་པའི་ལོ་བཅུའི་རིང་། ཨེར་ཧའེ་མཚོར་སྲུང་སྐྱོང་བྱེད་ཆེད་དུ་ཏ་ལི་གྲོང་ཁྱེར་དབན་ཆའོ་གྲོང་རྡལ་ཀུའུ་ཧྲེང་གྲོང་ཚོའི་གྲོང་མིའི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་ཕྱིན་ཡོད། མཚོ་དང་བར་ཐག་སྨི་15ཡི་སར་མི་ཁྱིམ་ཕྱིར་བཤོལ་གྱི་སྐྱེ་ཁམས་གནས་སྤོ་བྱས་ཏེ་ཨེར་ཧའེ་མཚོར་ལྗང་མདོག་གི་སྲུང་ཡོལ་ཞིག་བསྐྲུན་པ་དང་། “ཏ་ལི་གྲོང་ཁྱེར་དང་། ཞང་ཡུན་རྫོང་། ཝུའེ་ཧྲན་རྫོང”གཞི་གཅིག་ཅན་གྱི་འཛུགས་སྐྲུན་བྱེད་འགོ་བཙུགས་ཏེ། ཏ་ལི་ཡིས་མཚོ་གཅིག་བཅོས་སྐྱོང་ནས་གཙང་པོའི་རྒྱུག་ཁུལ་བཅོས་སྐྱོང་བར་འགྱུར་ལྡོག་ཧུར་ཐག་བཏང་ལ། ད་ཆ་ཨེར་ཧའེ་མཚོའི་ཆུ་སྤུས་སྡུག་ཏུ་འགྲོ་བའི་སྣང་ཚུལ་བཀག་འགོག་ནུས་ལྡན་ཐུབ་ཅིང་། སྐྱེ་ཁམས་ཁོར་ཡུག་པུས་ཉེ་བའི་ལོ་གཉིས་ནང་ཁྱབ་བསྒྲགས་བྱས་པའི་ཨེར་ཧའེ་མཚོའི་ཆུ་སྤུས་ཡག་པོ་ཤ་སྟག་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཡུན་ནན་གྱིས་ས་མཐོའི་མཚོ་མཚེའུ་ཆེ་གྲས་དགུའི་བཅོས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་ནས་མཚོ་མཚེའུ་ཡི་ཆུ་སྤུས་ལེགས་སུ་གཏོང་བར་བརྟེན་ནས་གཙང་པོ་རྒྱུག་ཁུལ་གྱི་གཞན་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཨེར་ཧའེ་མཚོའི་ངོགས་ཀྱི་ཀུའུ་ཧྲེང་གྲོང་ཚོའི་ཚན་རྩལ་སྒོ་ར་ཆུང་ཆུང་ནང་། རྒྱལ་ཡོངས་ཀྱི་ཚན་ཞིབ་མི་སྣ་ལྷན་དུ་འཛོམས་ནས་ཞིང་ལས་ཀྱི་ས་རྒྱུའི་སྦགས་བཙོག་བཅོས་སྒྲིག་དང་ཞིང་པར་རྒྱུན་མཐུད་འབབ་འཕར་ཡོང་བའི་དཀའ་གནད་སེལ་ཐབས་ལ་བགྲོ་གླེང་བྱས་ཤིང་། “དེ་སྔ་ས་ཞིང་བཏབ་ནས་ཡོང་འབབ་ག་ཚོད་རག་མིན་ཁོ་ན་རྩིས་རྒྱག་གི་ཡོད། ད་ཆ་མང་ཚོགས་མང་ཆེ་བས་སྐྱེ་ཁམས་སྔོན་ལ་འཇོག་གི་ཡོད”ཅེས་ཏ་ལི་པའེ་རིགས་རང་སྐྱོང་ཀྲོའུ་ཨེར་ཧའེ་མཚོ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཞུང་ཀྲུང་ཧྭ་ཡིས་བཤད་པ་དང་། ཁོང་གིས་འཕོ་འགྱུར་དེ་བས་ཆེ་བ་ཞིག་ནི་མང་ཚོགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་བྱུང་བ་དེ་རེད་ཅེས་བཤད།

    ལྗང་མདོག་ཐཱན་ཉུང་གི་ཤར་རླུང་ལ་བརྟེན་ནས་ཉེ་བའི་ལོ་ཤས་རིང་ཡུན་ནན་གྱིས་ལྗང་མདོག་ནུས་རྒྱུའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། ཆུ་དང་། གློག འོད་ཤུགས། ལྗང་མདོག་ཧ་ཡང་དང་སྭེལ་གྱི་ཐོན་ལས་བཅས་ཉམས་ཞན་ནས་སྟོབས་ཆེར་གྱུར་ཏེ་ད་ཆ་ཡུན་ནན་ཞིང་ཆེན་གྱི་ཀ་རྟེན་ཐོན་ལས་སུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།