དབུ་ཤོག>ཆེད་སྒྲིག
  • སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་སི་ཁྲོན་གྱི་ལེའུ་བརྩམས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-08-17

    འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་སྐྱེ་ཁམས་སྲུང་བཅད་བརྟན་དུ་བཏང་བ།

    སྲུང་སྐྱོང་ཆེན་པོར་མཉམ་དུ་དམ་འཛིན་བྱེད་པ་ལས་གསར་སྤེལ་ཆེན་པོ་བྱེད་མི་རུང་། སི་ཁྲོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱས་ཏེ་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་གནམ་སྔོན་པོ་དང་། ཆུ་དྭངས་མ། ས་གཙང་མ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་རྒྱུན་མཐུད་དང་གཏིང་ཟབ་ངང་ཡག་པོ་བརྒྱབ་ཡོད། སི་ཁྲོན་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་གལ་ཆེན་ཞིག་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་མཁོ་སྤྲོད་ཁུལ་གལ་ཆེན་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ཚང་མས་དོ་སྣང་བྱེད་སའི་ས་ཁུལ་ཞིག་ཀྱང་ཡིན་པས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འཐབ་ཇུས་ཆགས་སྟངས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད།

    ལུའུ་ཀྲོའུ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་ཀྱི་ཡས་མཐའ་བཅས་ནན་པོར་སྲུང་སྟེ་སྐྱེ་ཁམས་ཁོར་ཡུག་གི་འཇུག་འཐུས་གསལ་ཐོ་བཟོ་བ་དང་སྐྱེ་ཁམས་ཁོར་ཡུག་ཁག་བགོས་ལྟ་འདོམས་བྱས་ནས། ཡུལ་གྱི་བཀོད་སྒྲིག་གཅུན་སྡོམ་དང་། ཁོར་ཡུག་གི་ཉེན་ཁར་སྔོན་འགོག་དང་ཚོད་འཛིན། སྦགས་བཙོག་དངོས་པོ་ཕྱིར་འབུད་ལ་ལྟ་འདོམས་སོགས་ཀྱི་ཐད་ནས་འབྲི་ཆུའི་གཞུང་རྒྱུན་ཆུ་རྒྱུད་ལ་ལྟ་འདོམས་བྱེད་པའི་བླང་བྱ་ཞིབ་ཕྲ་བཏོན་པ་རེད།

    ལོ་བཅུའི་རིང་། སི་ཁྲོན་གྱིས“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག”པའི་འདུ་ཤེས་བརྟན་པོར་བཙུགས་པ་དང་། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་འགན་འཁྲི་མཐའ་གཅིག་ཏུ་འཁུར་རྒྱུ་མཐའ་འཁྱོངས་ཀྱིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་མཛེས་སྡུག་ལྡན་པའི་ཀྲུང་གོའི་སི་ཁྲོན་གྱི་ལེའུ་ཧུར་ཐག་བརྩམས་ཡོད།

    ནུས་ཤུགས་ཡོད་རྒུས་གསར་གཏོད་བྱས་ནས་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་བཏང་བ།

    ཁྲེང་ཏུའུ་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཀྲུང་གོ་དང་འཇར་མན་གྱི་རིག་ནུས་དྲ་སྦྲེལ་རླངས་འཁོར་སི་ཁྲོན་ཚོད་ལྟའི་རྟེན་གཞིར་ཐོན་སྐྱེད་བྱས་ཟིན་པའི་རླངས་འཁོར་གསར་པ་རེ་རེ་བཞིན་ལ་རིག་ནུས་ཚད་ལེན་ཚོད་ལྟ་བྱེད་ཀྱི་ཡོད། ཚོད་ལྟའི་རྟེན་གཞི་དེ་འདི་ལོའི་ཟླ་བཞི་པར་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་མིག་སྔར་རྒྱལ་ནང་གི་ལག་རྩལ་སྔོན་ཐོན་ཚ་ཤོས་ཀྱི་རླངས་འཁོར་ཚོད་ལྟ་བྱེད་སའི་གྲས་ཤིག་རེད། འཆར་ཤེལ་ནས་རླངས་འཁོར་ཚོད་ལྟ་བྱེད་སར་སྐྱོད་བཞིན་པ་མཐོང་གི་ཡོད། “ལམ་དེ་དག་ནི་ཚོད་ལྟ་བྱེད་སས་ཆེད་མངགས་བཀོད་སྒྲིག་བྱས་པའི‘ཚད་ལེན་ལམ་བུ’ཞིག་རེད”ཅེས་བཟོ་བཀོད་པ་དབྱང་ཙེ་ཆང་གིས་བཤད་པ་དང་། ཁོང་གིས་ཚོད་ལྟ་བྱེད་སར་ད་དུང་ནུས་པའི་རང་བཞིན་གྱི་ཚོད་ལྟ་བྱེད་ས་ཡོད། ཆར་ཆུ་དང་། སེར་བ། སྨུག་པ་སོགས་ཁོར་ཡུག་མི་འདྲ་བའི་ཁྲོད་རླངས་འཁོར་འགྲོ་སྐྱོད་ཀྱི་གནས་ཚུལ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་ཅེས་བཤད།

    ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་འབད་འཐབ་བྱ་གཞི་གཙོ་བོར་བྱས་ཤིང་། ཉེ་བའི་ལོ་ཤས་རིང་། སི་ཁྲོན་གྱིས་ནུས་ཤུགས་ཡོད་རྒུས་གསར་གཏོད་བྱས་ཏེ་སི་ཁྲོན་གྱི་ཁྱད་ཆོས་ལྡན་པའི་ཚན་རྩལ་གསར་གཏོད་མ་ལག་དང་དེང་རབས་ཀྱི་ཐོན་ལས་མ་ལག་ཅིག་བཙུགས་ཡོད། ཞིང་ཆེན་ཡོངས་ཀྱི་ཞིབ་འཇུག་དང་ཚོད་ལྟ་འཕེལ་རྒྱས་ཀྱི་གྲོན་དངུལ་གཏོང་ཚད་མུ་མཐུད་མང་དུ་བཏང་བས་བསྡུས་གྲུབ་གློག་ལམ་དང་རྨང་གཞིའི་ལྟེ་བའི་མཉེན་ཆས་ཀྱི་ལག་རྩལ་སོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་། འབར་བྱེད་འཕྲུལ་འཁོར་ཆེ་གྲས་དང་བཟོ་ལས་མི་མེད་གནམ་གྲུ་སོགས་ཞིབ་བཟོ་བྱེད་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། འཁོར་ལམ་འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་རིག་ནུས་ཅན་དང་རང་འགུལ་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ། ནུས་རྒྱུ་གཙང་མ་དང་ལྗང་མདོག་རྫས་འགྱུར་བཟོ་ལས་ཐོན་ལས་ཀྱི་ནུས་རྒྱུ་བསྲི་ཚགས་དང་ཟད་གྲོན་ཆུང་དུ་གཏོང་བའི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་པ། མི་ཐབས་རིག་ནུས་ཐོན་ལས་ལག་རྩལ་གྱི་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་པ། དེང་རབས་ཐོན་ལས་མ་ལག་རྒྱུན་མཐུད་ལེགས་སུ་དང་རིམ་སྤོར་ལ་སྐུལ་འདེད་ཐེབས་པ་བཅས་བྱུང་ཡོད་པ་རེད།

    རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་རིག་གནས་སྟོབས་ཆེའི་ཞིང་ཆེན་ཕྱོགས་སུ་བསྐྱོད་པ།

    སི་ཁྲོན་ལ་ལོ་རྒྱུས་ནང་དོན་གཏིང་ཟབ་པ་དང་རིག་གནས་ཤུལ་ལྷག་རྣམ་པར་བཀྲ་བ་ཡོད། ཡོངས་ཁྱབ་ཞིབ་བཤེར་བྱས་པ་ལས་མངོན་པར། སི་ཁྲོན་གྱིས་རིག་གནས་ཐོན་ཁུངས་རིགས་ཆེ་གྲས་དྲུག་གི་སྣ་ཁ་ཁྲི་305.7ལྷག་ཙམ་དང་ཡུལ་སྐོར་ཐོན་ཁུངས་ཁྲི་24.5ལྷག་ཙམ་རྩད་ཆོད་ནས་གྲངས་འབོར་དང་སྤུས་ཚད་གཉིས་ཀ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    “ལོ་བཅུ་པོ་དེ་ནི་སི་ཁྲོན་གྱི་རིག་གནས་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པའི་ལོ་བཅུ་ཡིན” སི་ཁྲོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སི་ཁྲོན་གྱིས་རིག་གནས་སྟོབས་ཆེའི་ཞིང་ཆེན་བསྐྲུན་རྒྱུའི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་ནས་སྤྱི་པའི་རིག་གནས་ཀྱི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས། རྒྱལ་ཡོངས་ཀྱི་གྲངས་འབོར་མང་ཤོས་དང་ཞབས་ཞུ་བྱེད་རྒྱ་ཆེ་ཤོས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་དྲ་རྒྱ་བཏོད་ཡོད།

    རིག་གནས་ཞབས་ཞུའི་ཐད་སི་ཁྲོན་གྱིས“རྫོང་དུ་སྤྱི་པའི་དཔེ་མཛོད་ཁང་དང་རིག་གནས་ཁང་ཡོད་པ་དང་། ཤང་དུ་ཕྱོགས་བསྡུས་རིག་གནས་ས་ཚིགས་ཡོད་པའི”འཛུགས་སྐྲུན་དམིགས་ཚད་མངོན་འགྱུར་བྱུང་ཞིང་། 2021ལོའི་ལོ་མཇུག་བར། ཞིང་ཆེན་ཡོངས་སུ་ཁྱོན་དངོས་མང་བཤམས་མཛོད་ཁང་263དང་། སྤྱི་པའི་དཔེ་མཛོད་ཁང་207 རིག་གནས་ཁང་206བཅས་ཡོད་པ་རེད།

    རིག་གནས་ཤུལ་བཞག་སྲུང་སྐྱོང་ཐད་སི་ཁྲོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། 2021ལོའི་ལོ་མཇུག་བར། ཞིང་ཆེན་ཡོངས་སུ་འཛམ་གླིང་རིག་གནས་ཤུལ་བཞག་ཁང་1དང་། འཛམ་གླིང་རིག་གནས་དང་རང་བྱུང་ཤུལ་བཞག་ཁང་1 ཀྲུང་གོའི་སྲོལ་རྒྱུན་གྲོང་སྡེའི་མིང་གཞུང་ནང་ཚུད་པའི་སྲོལ་རྒྱུན་གྲོང་ཚོ་333 རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པའི་རྣམ་གྲངས་153བཅས་ཡོད་པ་རེད།

    རིག་གནས་ཀྱི་འཇམ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། 2021ལོར་སི་ཁྲོན་ཞིང་ཆེན་ཡོངས་ཀྱི་ལྟེ་བའི་རིག་གནས་ཐོན་རྫས་ཕྱིར་གཏོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་14ཟིན་ནས་ལོ་གོང་མ་ལས་97.6%འཕར་ཡོད། ལོ་ངོ་སྟོང་རིང་རྒྱུན་འཛིན་བྱས་པའི་པཱ་ཧྲུའུ་རིག་གནས་དེ་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པ་མ་ཟད། དཔའ་ངར་ཆེར་བསྐྱེད་དང་གདེང་ཚོད་ཡོད་པའི་ངང་ནས་འཛམ་གླིང་ཡོངས་ལའང་ཁྱབ་ཡོད།

    ལས་ཞུགས་མཐོར་གཏོང་ཧུར་ཐག་བྱས་ནས་ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་ལེན་བྱས་པ།

    ཉེ་བའི་ལོ་ཤས་རིང་། སི་ཁྲོན་གྱིས་ལས་ཞུགས་རྒྱ་ཆེར་དང་བརྟན་དུ་གཏོང་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་འཇོག་དམིགས་ཚད་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། “སི་ཁྲོན་རྟགས་ཅན”གྱི་ཁྱད་ལྡན་ངལ་ནུས་སྤུས་རྟགས་གསོ་སྐྱོང་དང་། “རོགས་སྐྱོར་གསུམ་དང་རྒྱབ་སྐྱོར་གཅིག”གི་གཞི་རིམ་འཚར་ལོངས་འཆར་གཞི་སོགས་ཆེད་དམིགས་བྱ་ཐབས་བརྒྱུད། ཕ་ཡུལ་དུ་ལོག་མཁན་གྱི་ཞིང་པ་ལས་མི་དང་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཙོ་གནད་ལས་ཞུགས་ཚོགས་སྤྱིར་རོགས་སྐྱོར་ཧུར་ཐག་བྱས་ཡོད། “ང་ཚོས་ད་དུང་རྒྱལ་ཡོངས་སུ་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཐོན་ལས་ཀྱི་དགོས་མཁོ་ཡོངས་ཀྱི་བསྡོམས་རྩིས་བརྟག་དཔྱད་སྔོན་ལ་ལག་བསྟར་བྱས་པ་ཡིན”ཞེས་སི་ཁྲོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ལས་དོན་མི་སྣས་ངོ་སྤྲོད་བྱས་པ་དང་། ཁོང་གིས“རྒྱལ་ཁབ་རིམ་པའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཐོན་ལས་གླིང་1དང་ཞིང་ཆེན་རིམ་པའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཐོན་ལས་གླིང་8བཙུགས་ནས་ལས་ཞུགས་ལས་འདེམས་ལ་སྐུལ་འདེད་བཏང་ཡོད”ཅེས་བརྗོད།

    གྲོང་གསེབ་ཀྱི་བུད་མེད་ལ་རིན་མེད་ངང“འབྲས་སྐྲན་གཉིས”དབྱེ་བཤེར་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་མ་དངུལ་སྤྲོད་པ། གསར་དུ་སྐྱེས་པའི་ཕྲུ་གུ་དམར་འབྱར་ལ་ཀུན་ཕན་རང་བཞིན་གྱི་རོགས་སྐྱོར་བྱེད་པ་སོགས་མང་ཚོགས་ཀྱི་རེ་འབོད་ཚང་མ་དང་ལེན་བྱས་ཡོད། སི་ཁྲོན་ཞིང་ཆེན་གྱིས་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཞིང་ཆེན་གྱི་སྲིད་གྲོས་ཨུ་ཡོན། སྤྱི་ཚོགས་ཀྱི་སྤྱི་དམངས་བཅས་ལ་དམིགས་ནས། བསམ་འཆར་བསྡུ་ལེན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལོ་འཁོར་གྱི《2022ལོའི་ཞིང་ཆེན་ཡོངས་ཀྱི་དམངས་འཚོའི་བྱ་བ་དངོས་30ཡི་ལག་བསྟར་ཇུས་གཞིའི》ནང་བཅུག་ནས། གཙོ་གནད་ཐོག་སྐུལ་འདེད་བཏང་སྟེ་ལོ་དེར་གྲུབ་འབྲས་ཐོབ་པའི་འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།