དབུ་ཤོག>ཆེད་སྒྲིག
  • དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-08-16

    བྱང་རྩྭ་ཐང་ལ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ།

    འདི་ལོ་ལོ་34ལ་སླེབས་པའི་ཚུལ་ཁྲིམས་མཐར་ཕྱིན་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཤན་རྩ་རྫོང་ཁོངས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོང་པ་ཞིག་ཡིན། ཁོང་གིས་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོང་པ་བྱས་ནས་ལོ་13སོང་ཡོད། “ཉིན་གཅིག་རིང་ལམ་ཐག་སྤྱི་ལེ་300ལྷག་ཙམ་ལ་སྐོར་གཡེང་བྱེད་དགོས་པས། དགོང་མོའི་ཆུ་ཚོད་8པ་ཡོལ་ཙམ་ལ་གཞི་ནས་ཁྱིམ་དུ་འབྱོར་གྱི་ཡོད”ཅེས་ཚུལ་ཁྲིམས་མཐར་ཕྱིན་གྱིས་བརྗོད།

    ཚུལ་ཁྲིམས་མཐར་ཕྱིན་གྱིས་རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་བྱ་ཡུལ་ལ་རྒྱུས་མངའ་ཆེན་པོ་ཡོད། ཁོང་གིས་ཐག་མི་རིང་བའི་རི་ཞིག་ལ་མཛུབ་མོ་འཛུག་གིན“ཕ་གིར་གཙོད་མང་བ་དང་། ལྷོ་རྒྱུད་ཀྱི་རི་རྩེར་གནའ་བ་མང་པོ་ཡོད། དེའི་མདུན་གྱི་སེར་གླིང་མཚོའི་འདམ་ར་ནི་ཁྲུང་ཁྲུང་སྐེ་ནག་གི་འཚོ་གནས་ཁུལ་རེད”ཅེས་བརྗོད།

    ནག་ཆུ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་དུ་གནས་པའི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེ་རང་རྒྱལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་སྐམ་སའི་སྐྱེ་ཁམས་མ་ལག་གི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན་པ་དང་། རང་རྒྱལ་གྱི་རྩ་ཆེ་ལ་སྟོངས་ལ་ཉེ་བའི་ས་མཐོའི་རི་སྐྱེས་སྲོག་ཆགས་ཀྱི་གཅིག་སྡུད་ཁྱབ་ཚུལ་ཞིག་ཀྱང་ཡིན། དེ་གར་གཙོད་དང་། འབྲོང་། རྐྱང་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིགས་10དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིགས་21འཚོ་སྡོད་བྱེད་ཀྱི་ཡོད་པས། “མཐོ་གྲང་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་མཛོད”ཅེས་བརྗོད་ཀྱི་ཡོད།

    བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་འཛོམས་དགས། བོད་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་ཀྱི་གྲངས་འབོར་སླར་གསོ་བྱུང་ནས་འཕར་བ་དེ་གཙོ་བོ་སྲུང་སྐྱོང་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་པ་ལས་བྱུང་བ་ཞིག་རེད། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འཆར་འགོད་འཛུགས་སྐྲུན་བྱས་ནས་ཆེད་དོན་སྲུང་སྐྱོང་དོ་དམ་སྒྲིག་གཞི་དང་ཁྲིམས་འཛིན་དཔུང་ཁག་བཙུགས་པ་དང་། ལྐོག་རྔོན་རྒྱག་རྒྱུར་མཚམས་འཇོག་ནན་པོ་བྱས་ཏེ་དུས་བཀག་ལྟར་རིར་སྐོར་གཡེང་བྱས་ནས་གཙོད་སོགས་གཙོ་ཆེའི་སྲོག་ཆགས་ཀྱི་ཁྱུ་ཚོགས་གནས་ཡུལ་ལ་ལྟ་ཞིབ་ཚད་ལེན་བྱས་པ། གཙོད་དང་ཁྲུང་ཁྲུང་སྐེ་ནག་སོགས་ཁྱབ་ཁུལ་དུ་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་སྤེལ་ནས་ས་གནས་དེ་གའི་ཞིང་འབྲོག་པ་སྲུང་སྐྱོང་དོ་དམ་ལ་ཞུགས་རྒྱུའི་གདན་ཞུ་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཆུ་གློག་འཕེལ་རྒྱས་བཏང་ནས་དམངས་འཚོར་བདེ་སྐྱིད་བསྐྲུན་པ།

    བཤོལ་བ་ལུང་ཆུ་ཤུགས་གློག་ཁང་ནི་ཆུ་གློག་རྣམ་གྲངས་གཙོ་བོ་ཞིག་རེད་ལ། རྒྱལ་ཁབ་ཀྱི“ནུབ་གློག་ཤར་སྐྱེལ”གྱི་རྗེས་མཐུད་རྟེན་གཞིའི་སྔོན་ཁྲིད་ལས་གྲྭ་ཞིག་ཀྱང་རེད། ལས་གྲྭ་དེ་ཕྱོགས་ཡོངས་ནས་བསྐྲུན་ཏེ་སྤྱོད་འགོ་ཚུགས་རྗེས། སྔོན་དཔག་བྱས་ན་ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི་180གྲོན་ཆུང་ཐུབ་ཀྱི་ཡོད་པ་རེད།

    ངག་དབང་སྒྲོལ་མའི་ཁྱིམ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཟུར་སྡེ་ཤོད་ཤང་གི་འབྲི་ཆུའི་གྲོག་རོང་རྒྱུད་དུ་གནས་པས། ས་ཞིང་གི་ཐོན་ཁུངས་དཀོན་པ་མ་ཟད། མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་ལའང་ཤུགས་རྐྱེན་ཐེབས་ནས་དུས་ཡུན་རིང་པོའི་ནང་ཤིན་ཏུ་དབུལ་བའི་ས་ཁུལ་ཞིག་རེད།

    ཡུལ་དེ་གའི་འཚོ་བའི་འགྱུར་ལྡོག་ནི་ཆུ་གློག་གསར་སྤེལ་ཐུབ་པ་ནས་བྱུང་ཞིང་། འཛུགས་སྐྲུན་ལ་ཞུགས་པའི་ཁེ་ལས་ཀྱིས་རྣམ་གྲངས་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ནས་ངག་དབང་སྒྲོལ་མ་དང་འདྲ་བའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་བུ་ཕྲུག་ལ་དམིགས་ཏེ་གནས་གཏན་འཁེལ་གྱིས་སློབ་བསྡུ་དང་། གསོ་སྐྱོང་། བཀོད་སྒྲིག་བཅས་ཀྱི“གཏན་འཁེལ་གསུམ”གྱི་གསོ་སྦྱོང་འཛིན་གྲྭ་བཙུགས་པ་རེད།

    “ཤེས་བྱ་སྦྱོང་བར་སློབ་ཡོན་མི་དགོས་པ་མ་ཟད། ལས་ཞུགས་ལའང་འགན་ལེན་ཡོད། ད་ཆ་ངས་ཟླ་བ་རེར་གླ་ཕོཌ་སྒོར་ཁྲི་1ལེན་ཐུབ་ཀྱི་འདུག”ཅེས་ངག་དབང་སྒྲོལ་མས་བརྗོད།

    “ཆུ་ཤུགས་གློག་ཁང་སྐྲུན་རིང་ཡུལ་དེ་གའི་ཐོན་ཁུངས་གསར་སྤེལ་བྱ་རྒྱུ་དང་། དཔལ་འབྱོར་ལ་སྐུལ་ཁྲིད་བྱ་རྒྱུ། མི་སེར་ལ་བདེ་སྐྱིད་བསྐྲུན་རྒྱུ་བཅས་ཀྱི་འདུ་ཤེས་དམིགས་སུ་བཟུང་བ་ཡིན”ཞེས་ཧྭ་གློག་ཅིན་ཧྲང་བཤོལ་བ་ལུང་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལུའོ་ཙུང་ཝུའེ་ཡིས་བརྗོད།

    ཆུ་གློག་གིས་བོད་ལ་ཕན་པ་བཏགས་ནས་དམངས་འཚོར་བདེ་སྐྱིད་བསྐྲུན་ཞིང་། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གཙོ་གནད་འཛུགས་སྐྲུན་བྱས་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་ཆེ་གྲས་དགུའི་གྲས་ཤིག་ཡིན་པའི་འབྲི་ཆུའི་སྟོད་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞིར་བརྟེན་ནས། ཁྱོན་མ་དངུལ་སྒོར་དུང་ཕྱུར་3600བཏང་བའི་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་དང་ཆུ་གསོག་གི་དཔེ་སྟོན་རྟེན་གཞི་ཆེ་གྲས་ཀྱི་གཞི་ཁྱོན་རགས་ཙམ་ཆགས་ཡོད་པ་རེད།

    “བོད་ཀྱི་ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་ལེགས་ཆར་བསྒྱུར་རྒྱུ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་ཞིག་ཡིན་ལ། སི་ཁྲོན་དང་ཡུན་ནན་དུ་གློག་སྐྱེལ་བ་དང་བོད་ཀྱི་ནུས་རྒྱུ་གསར་པ་གསར་སྤེལ་དང་ཕྱིར་གཏོང་ལ་སྐུལ་ཁྲིད་བྱས་ནས་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་མངོན་འགྱུར་བྱེད་པའི་དགོས་མཁོ་ཞིག་ཀྱང་ཡིན”ཞེས་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་འགན་འཁུར་བས་བརྗོད།

    ལོ་ངོ་སྟོང་གི་ལོ་རྒྱུས་མངའ་བའི་གནའ་གྲོང་ལ་རྣམ་པ་གསར་པ་མངོན་པ།

    རྗེ་འབུམ་སྒང་ལྷ་ཁང་ནི་ལྷ་ས་གྲོང་ཁྱེར་གྱི་རིག་དངོས་སྲུང་སྐྱོབ་ཚན་པ་ཞིག་ཡིན་པ་དང་། ད་ཆ་ལྷ་སར་ཡོད་པའི་དཀྱིལ་འཁོར་གྱི་དབྱིབས་སུ་བཞེངས་པའི་གནའ་བོའི་སྐྲུན་དངོས་འབའ་ཞིག་དེ་རེད། འོན་ཀྱང་ལོ་ཟླའི་ཆར་རླུང་གི་འགྱུར་བག་ཀློང་དུ་ད་བར་ཁུ་སིམ་མེར་ལུས།

    2017ལོ་ནས་2019ལོ་བར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་ནོར་སྲིད་མ་དངུལ་བཏང་ནས་སྲུང་སྐྱོབ་རང་བཞིན་གྱི་ཉམས་གསོ་བྱས་ཤིང་། གནའ་བོའི་འཛུགས་སྐྲུན་རིག་གནས་ཀྱི་རྨང་གཞི་སྔོག་འདོན་དང་བོད་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྲིད་གཞུང་གིས་ལམ་སྲོལ་གསར་གཏོད་བྱས་ནས་ཕྱོགས་གསུམ་པའི་རིག་གནས་ཚོགས་པ་ནང་འདྲེན་བྱས་ཏེ་སྲུང་སྐྱོབ་རང་བཞིན་གྱི་སྒྱུར་བཀོད་དང་ཡུན་རིང་གཉེར་སྐྱོང་བྱས་ནས་རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས་སུ་རིམ་སྤོར་བྱས་པ་རེད།

    “ཆུ་འགོག་སྒྱུར་བཀོད་དང་། གློག་ཤུཌ་མ་ལག་རིམ་སྤོར། རྟེན་རྫས་བཤམས་མཛོད་ཁང་རིམ་པའི་གློག་འོད་མ་ལག་བསྐྲུན་པ། ནུས་པའི་རང་བཞིན་གྱི་བར་མཐོངས་བསྐྲུན་པ་སོཌ་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་བ་བརྒྱུད། ཆིང་རྒྱལ་རབས་ཀྱི་གནའ་བོའི་སྐྲུན་དངོས་དེར་བཀྲག་མདངས་གསར་པ་རྒྱས་ནས་རྒྱལ་སྤྱིའི་རང་བཞིན་གྱི་རིག་གནས་སྒྱུ་རྩལ་འགྲེམས་སྟོན་བྱེད་སྒོ་སྤེལ་རྒྱུའི་ཆ་རྐྱེན་ཡང་དེ་བས་འཛོམས་ཡོད”ཅེས་རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས་ཀྱི་འགན་འཁུར་བ་ཧྥང་ཁུན་གྱིས་བརྗོད།

    ལྷ་སར་གནའ་བོའི་སྐྲུན་དངོས་ལ་སྲུང་སྐྱོབ་རང་བཞིན་གྱི་ཉམས་གསོ་དང་སྒྱུར་བཀོད་ཀྱི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ནི་རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས་ཁོ་ན་ཙམ་མིན།

    2009ལོར་བར་སྐོར་གནའ་གྲོང་གི་ལྟེ་བ་སྟེ། བར་སྐོར་ཁྲོམ་གཞུང་དེ་ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་ཁྲོམ་གཞུང་ཁག་དང་པོའི་གྲས་སུ་བཅུག་ཡོད། 2012ལོར་བར་སྐོར་གྱི་ཁྲོམ་བཀྱག་3000ལྷག་ཙམ་གནའ་གྲོང་ཉེ་འགྲམ་གྱི་གསར་དུ་བསྐྲུན་པའི་ཚོང་གྲོང་དུ་བཀོད་སྒྲིག་འོས་འཚམ་བྱས་ནས་གནའ་གྲོང་སྒྱུར་བཀོད་ལས་གྲྭ་ལག་བསྟར་བྱས་པ་རེད། བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་གནའ་གྲོང་སྲུང་སྐྱོབ་ཀྱི་ལས་གྲྭ་སྔ་རྗེས་སུ་ཐེངས་4ལག་བསྟར་བྱས་པས་གནའ་གྲོང་གི་རྨང་གཞིའི་སྒྲིག་བཀོད་དང་། གྲོང་མིའི་སྡོད་མལ་ཁོར་ཡུག གནའ་གྲོང་གི་དམིགས་བསལ་རྣམ་པ་སོགས་ཚང་མར་སྲུང་སྐྱོབ་ནུས་ལྡན་བྱུང་བ་དང་ལེགས་སུ་ཕྱིན་ཡོད།

    “ཇ་དང་ཚྭ”ལྟར་ཕན་ཚུན་བྲལ་ཐབས་མེད་པ།

    1998ལོར་བོད་ལྗོངས་གྲོ་མོ་རྫོང་དུ་དམག་མི་བྱེད་མྱོང་བའི་ཀྲུའུ་ཤང་ཝུའུ་དམག་ཞབས་ཐིམ་རྗེས་ཁོང་གིས་གྲོ་མོ་རྫོང་དུ་སྒོ་བསྟེན་སྨན་ཁང་ཞིག་བཙུགས། ཁོང་ལ་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བའི་གཟི་བརྗིད་མཚན་སྙན་ཐོབ་མྱོང་བ་དང་། ལོ་མང་རིང་ས་གནས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་དུས་རྟག་ཏུ་རང་གི་གཟི་བརྗིད་ལ་བརྩི་བཞིན་ཡོད།

    “ལོ་དེ་དག་རིང་ཁོང་གིས་བུས་མ་ལ་ལྟ་རྟོག་བྱེད་པ་ལྟར་ང་ལ་ལྟ་རྟོག་བྱེད་ཀྱི་ཡོད”ཅེས་ལོ་80ལ་སླེབས་པའི་སྐལ་བཟང་སྒྲོལ་དཀར་གྱིས་བརྗོད། སྐལ་བཟང་སྒྲོལ་དཀར་གྱི་བུ་དབང་པོ་སྐྱོན་ཅན་ཡིན་ཁར་ཚ་མོར་ཡང་ལྟ་རྟོག་བྱེད་མཁན་མེད། ཀྲུའུ་ཤང་ཝུའུ་ཡིས་ཨ་མ་རྒན་མོའི་ཁྱིམ་ཚང་གི་དཀའ་ངལ་ཤེས་རྗེས་ཞར་དང་ཞོར་ལ་འཚམས་འདྲི་བྱས་པ་མ་ཟད། ད་དུང་ཁོང་ཚོར་མཁོ་བའི་སྨན་རྫས་ཀྱང་རིན་མེད་སྤྲོད་ཀྱི་ཡོད། སྐལ་བཟང་སྒྲོལ་དཀར་གྱི་ཚ་མོ་པད་མ་གཡང་འཛོམས་བོད་ལྗོངས་ནང་སའི་འཛིན་གྲྭར་སློབ་སྦྱོང་བྱེད་རིང་། ཀྲུའུ་ཤང་ཝུའུ་ཡིས་ཁོ་མོར་ཟླ་རེར་འཚོ་བའི་གྲོན་དངུལ་སྒོར་600བསྐུར་གྱི་ཡོད། “སློབ་གྲྭར་སྡོད་རིང་དངུལ་ལ་གྲོན་ཆུང་བྱེད་མི་དགོས། གལ་སྲིད་དངུལ་མ་འདང་ཚེ་ངས་བསྐུར་ཆོག”ཅེས་པའི་པཱ་ཀྲུའུ་ལགས་ཀྱི་བཀའ་མོལ་ཐོས་རིམ་བཞིན་པད་མ་གཡང་འཛོམས་སེམས་འགུལ་ཆེན་པོ་ཐེབས་ནས་མིག་ཆུ་རང་དབང་མེད་པར་ཤོར།

    སྐལ་བཟང་སྒྲོལ་དཀར་ནི་ཀྲུའུ་ཤང་ཝུའུ་ཡིས་རོགས་རམ་ཐོབ་མཁན་གཅིག་པུ་དེ་མིན། འདས་ཟིན་པའི་ལོ་10ཡི་རིང་ཀྲུའུ་ཤང་ཝུའུ་ཡིས་གྲོ་མོའི་བོད་རིགས་སློབ་མ་3ལ་རོགས་རམ་བྱས་ནས་སློབ་གྲྭར་བཏང་བ་རེད།

    མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་གངས་ལྗོངས་ས་མཐོར་རབ་ཏུ་བཞད་ཅིང་། ན་ནིང་ནས་བཟུང《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་འཆར་འགོད(2021ལོ་ནས་2025ལོ་བར)》སོགས་ཀྱི་ཡིག་ཆ་བཏོན་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ལས་དོན་གཏིང་ཟབ་ཏུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།