“ཨ་དར། ཁྱེད་རང་ཡང་ཡོང་པས། དེ་རིང་དཔེ་དེབ་གང་ཞིག་ལྟ་འདོད་འདུག་གམ”
“ཉེ་དུས་གནམ་གཤིས་ཚ་གྲང་སྙོམས་པོ་མེད་པས། བོད་ཕག་ཡང་སེ་ན་གི་འདུག བྱས་ཙང་ང་རང་དེ་རིང་བོད་ཕག་གསོ་ཚགས་ལག་རྩལ་སྐོར་གྱི་དཔེ་དེབ་ཅིག་ལྟ་འདོད་འདུག”
གནས་ཚུལ་དེ་རིགས་སྨན་གླིང་རྫོང་ཨོ་རོང་གྲོང་རྡལ་ཕུ་ལུང་གྲོང་ཚོའི་ཞིང་ཁྱིམ་དཔེ་ཁང་དུ་ཡང་ཡང་ཐོན་གྱི་ཡོད།
ཕུ་ལུང་གྲོང་ཚོའི་ཞིང་ཁྱིམ་དཔེ་ཁང་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་། གྲལ་ལྟར་སྒྲིག་པའི་དཔེ་སྒྲོམ་དུ་དཔེ་དེབ་སྣ་ཚོགས་རིགས་ཕྱེ་སྟེ་བསྒྲིགས་ཡོད་པས་འཚོལ་བདེ་ལ། སྲིད་ཇུས་ཁྲིམས་སྲོལ་དང་། འདེབས་འཛུགས་གསོ་ཚགས། རིག་གནས་དང་བྱིས་པ་སོགས་ཀྱི་དཔེ་དེབ་ཅི་རིགས་ལྟ་བས་མི་ངོམ་པ་ཞིག་ཡོད། དཔེ་དེབ་དང་ཚགས་པར་བལྟ་བར་ཡོང་མཁན་གྲོང་མི་རྒྱུན་ཆད་རྒྱུ་མེད་པ་དང་ཞིང་ཁྱིམ་དཔེ་ཁང་དེ་དྲིལ་བསྒྲགས་བསམ་བློ་འཛུགས་སྐྱོང་གི“གཡུལ་ས་གཙོ་བོ”དང་། རིག་གནས་འཛུགས་སྐྱོང་གི“འཐབ་ས་གཙོ་བོ” ཞིང་འབྲོག་ལས་དང་ཚན་རྩལ་བརྒྱུད་སྤེལ་གྱི“ཐབས་ལམ་གཙོ་བོ”བཅས་སུ་གྱུར་ཡོད་པ་རེད།
ཏང་ཡོན་ཟླ་བསྟན་ནི་ཞིང་ཁྱིམ་དཔེ་ཁང་ལ་རྟག་ཏུ་ཡོང་མཁན་ཞིག་རེད། གྲོང་ཚོའི“གཉིས་ལྡན་དུད་སྦྲེལ”གསུམ་པའི་སྤྱི་མི་ཡིན་པའི་ཁོང་གིས“གཉིས་ལྡན་དུད་སྦྲེལ”གསུམ་པའི་ཁོངས་མིར་དོ་དམ་ཡག་པོ་བྱས་ཏེ། ཁོང་ཚོར་བྱ་བ་དངོས་སྒྲུབ་པ་དང་ཁེ་ཕན་དོན་གཉེར་གྱིས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ལས་རོགས་ཡག་པོ་ཞིག་བྱེད་ཀྱི་ཡོད། གྲོང་ཚོའི་ཏང་ཀྲི་པུའི་བློ་མཐུན་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་ཁོང་གི་བསམ་ཚུལ་རྟོགས་རྗེས་ཁོང་ཞིང་ཁྱིམ་དཔེ་ཁང་དུ་སློབ་སྦྱོང་བྱེད་པར་ཡོང་སྐབས་ཁོང་གི་དགོས་མཁོ་གཞིར་བཟུང་། ཁོང་ལ་བཅའ་ཁྲིམས་ཁྲིམས་སྲོལ་དང་ཞིང་འབྲོག་ལས་ལག་རྩལ་རིགས་ཀྱི་དཔེ་དེབ་འོས་སྦྱོར་ཧུར་ཐག་བྱས་ཏེ། ཁོང་ལ་དོ་དམ་ཐད་ཀྱི་ཤེས་བྱ་སློབ་སྦྱོང་དང་ཕྱུག་འགྱུར་རྩལ་ནུས་ཁོང་དུ་ཆུད་རྒྱུར་རོགས་རམ་བྱེད་ཀྱི་ཡོད་པ་རེད།
“ང་རིག་གནས་ཆུ་ཚད་མཐོ་པོ་མེད་པར་བརྟེན་ལག་རྩལ་སློབ་སྦྱོང་དང་ཁོང་དུ་ཆུད་རྒྱུའི་ཐད་ད་དུང་མི་འདང་བ་མང་པོ་ཡོད་པས་དུད་ཚང་གི་ཁོངས་མི་དོ་དམ་བྱེད་སྐབས་རྒྱུན་དུ་དཀའ་ལས་ཁག་པོ་འདུག་ལ། ད་དུང་རང་ངོས་ཕྱུག་འགྱུར་གྱི་ཐབས་ལམ་ཡང་མང་པོ་མེད་པས་མང་ཚོགས་སྐུལ་ཁྲིད་ཐད་མི་འདང་བ་ཡང་ཡོད་པས་ཞིང་ཁྱིམ་དཔེ་ཁང་གིས་ང་ལ་རེ་བ་སྦྱིན་བྱུང་། འདི་ནས་ངས་འབྲེལ་ཡོད་ཤེས་བྱ་མང་པོ་སྦྱོང་ཐུབ་པས། ལས་ཀའི་འགན་འཁྲི་སྔར་བས་ལེགས་པའི་ངང་བསྒྲུབ་པ་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱ་རྒྱུར་རོགས་རམ་ཐུབ་རྒྱུའི་ཡིད་ཆེས་ཡོད”ཅེས་ཟླ་བསྟན་གྱིས་བརྗོད།
ཕུ་ལུང་གྲོང་ཚོའི་གྲོང་མི་ཕུར་བུ་རང་རྒྱལ་གྱི་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་གི་ཆབ་སྲིད་དང་། མི་རིགས། དམག་དོན་སོགས་ཀྱི་ལོ་རྒྱུས་ལ་དགའ་ཞེན་ལྷག་པར་ཆེན་པོ་ཡོད་མོད། འོན་ཀྱང་རིག་གནས་ཆུ་ཚད་དམའ་བ་དང་ནང་དོན་དེ་ཙམ་གསལ་པོ་རྟོགས་མི་ཐུབ་པར་བརྟེན་ཀྲུང་གོའི་ལོ་རྒྱུས་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་ཐབས་བྲལ། ཁོང་གི་བསམ་ཚུལ་ཤེས་རྗེས་ཏང་ཀྲི་པུའུ་ཡིས་ཁོང་ལ་རབ་བཏགས་རི་མོའི་རྣམ་པའི་ཀྲུང་གོའི་དུས་རབས་རིམ་བྱུང་གི་ལོ་རྒྱུས་འོས་སྦྱོར་བྱས་ནས། ཕུར་བུའི་དཔེ་ཀློག་གི་གནད་དོན་ཐག་གཅོད་བྱས་པས། ཁོང་གི་ཕུགས་བསམ་དང་དད་སེམས་བརྟན་དུ་ཕྱིན་པ་མ་ཟད། བསམ་པའི་རྒྱགས་ཕྱེ་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། ལས་ཀའི་སེམས་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད་པ་རེད།
“ཞིང་ཁར་ལུད་བརྒྱབ་ནས་ས་རྒྱུ་ལེགས་སུ་གཏོང་དགོས་པས། ང་ཚོ་ཞིང་པས་ཀྱང་ཤེས་བྱ་མང་ཙམ་སྦྱངས་ནས་བསམ་བློར་དྲག་ཆས་སྤྲས་དགོས། ཞིང་ཁྱིམ་དཔེ་ཁང་ནི་ང་ཚོའི་ཤེས་བྱ་ལེན་ས་རེད”ཅེས་དཔྱད་གཞི་ལྟ་བཞིན་པའི་གྲོང་མི་མིག་སྐྱིད་ཀྱིས་དགའ་ཚོར་ཆེན་པོས་དེ་ལྟར་བརྗོད།
“གྲོང་ཚོའི་ནང་ལས་མེད་ཉུང་དུ་ཕྱིན་ནས་ཁོམ་པ་ཡོད་རིམ་བཞིན་དེ་གར་ཤེས་བྱ་སྦྱོང་བ་དང་འཕེལ་རྒྱས་དང་ཕྱུག་འགྱུར་ཉམས་མྱོང་སྤེལ་རེས་བྱེད་པར་ཡོང་མཁན་མང་དུ་ཕྱིན་ཡོད། ད་ཆ་གྲོང་ཚོ་ཚང་མའི་གོམས་སྲོལ་བསྒྱུར་བ་དང་རིག་གནས་དར་སྲོལ་སྔར་བས་ཟབ་ཏུ་ཕྱིན་ཡོད”ཅེས་ཕུ་ལུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དཔལ་སྐྱིད་ཀྱིས་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཕུ་ལུང་གྲོང་ཚོའི་ཞིང་ཁྱིམ་དཔེ་ཁང་གི་སྒྲིག་ཆས་ཆ་ཚང་བ་དང་དོ་དམ་གོ་རིམ་ལྡན་པས་དེ་གར་དཔེ་དེབ་སྣ་ཚོགས་2000ལྷག་ཙམ་ཡོད་པ་མ་ཟད། ད་དུང་རིན་མེད་ངང་ཚང་མར་མཁོ་འདོན་བྱེད་ཀྱི་ཡོད། གྲོང་མི་མང་པོ་ཞིག་གིས་ཁོམ་པ་ཡོད་དུས་ལམ་སེང་དཔེ་ཁང་དུ་རང་ཉིད་ཀྱི་ཤེས་འདོད་པའི་ཤེས་བྱ་སྦྱོང་བར་ཡོང་གི་ཡོད” དེ་གར་ནི་གྲོང་མི་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་བསམ་པའི་རྒྱགས་ཕྱེ་ལྟ་བུར་གྱུར་ཡོད།
ད་ཕན་ལོ་ཤས་རིང་། གྲོང་ཚོའི་གཞོན་ནུ་དང་དར་མ་མང་ཆེ་བ་ཕྱིར་གླ་པར་བསྐྱོད་པས་སྤྱིར་བཏང་བྱས་ན་རྒན་རྒོན་གྱིས་ཁྱིམ་གྱི་འདེབས་འཛུགས་དང་གསོ་ཚགས་ཀྱི་ལས་ཀ་བྱེད་པའི་དོན་དངོས་གནས་ཚུལ་ལ་དམིགས་ནས། གྲོང་ཚོའི་ཞིང་ཁྱིམ་དཔེ་ཁང་གིས་འདེབས་འཛུགས་གསོ་ཚགས་ཐད་ཀྱི་དཔེ་དེབ་སྔར་བས་མང་དུ་བཏང་སྟེ། ཞིང་ཁྱིམ་དཔེ་ཁང་གི་ལས་སྟེགས་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་མང་ཚོགས་ལ་ཚན་རིག་དང་མཐུན་པའི་ངང་འདེབས་འཛུགས་དང་གསོ་ཚགས་བྱ་རྒྱུར་སྔར་བས་ཁྲིད་སྟོན་བྱས་ཡོད་པ་རེད།
“གོམ་སྟབས་རྗེས་མར་ཕུ་ལུང་གྲོང་ཚོས་སྣ་མང་རང་བཞིན་གྱི་དཔེ་ཀློག་བྱེད་སྒོ་མུ་མཐུད་སྤེལ་ནས། ཞབས་ཞུའི་དོ་དམ་གསར་གཏོད་བྱེད་པ་དང་དཔེ་ཁང་གི་ཕན་ནུས་ཆེ་རུ་བཏང་སྟེ། ཞིང་ཁྱིམ་དཔེ་ཁང་གི་ནུས་པ་ཐོན་ཐུབ་པ་བྱས་ནས། ཞིང་ཁྱིམ་དཔེ་ཁང་ཉིད་དཔེ་ཀློག་སློབ་སྦྱོང་དང་། ཚན་རིག་ཁྱབ་གདལ་གསོ་སྦྱོང་། རིག་རྩལ་གསར་རྩོམ། དམངས་སྲོལ་ཞིབ་འཇུག་སོགས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་བྱེད་སྒོ་སྤེལ་ཡུལ་དུ་འགྱུར་བར་བྱ་རྒྱུ་རེད”ཅེས་དཔལ་སྐྱིད་ཀྱིས་ངོ་སྤྲོད་བྱས།