ལན། 《གྲོས་ཆོད》ནང་བཏོན་དོན། “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་དུས་བབ་ལ་སྤྱི་ཡོངས་རང་བཞིན་དང་གཞི་རྩའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རིག་གནས་ཀྱི་གདེང་ཚོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། སྤྱི་ཚོགས་ཡོངས་ཀྱི་གོང་བུ་སྒྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེས་ཆེ་རུ་ཕྱིན་ནས་དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྣམ་པ་གསར་པ་གཏོད་ཆེད། སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་སྟོབས་དང་ལྡན་པའི་བསམ་པའི་སྟོབས་ཤུགས་མཁོ་འདོན་བྱས་ཡོད”དེ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་དང་ཚད་མཐོའི་གདེང་འཇོག་བྱས་པ་ཞིག་རེད།
སྒྱུར་བཅོས་སྒོ་དབྱེ་བྱས་རྗེས། རང་རེའི་ཏང་གིས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀར་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་བས་མི་རིགས་ཀྱི་སྙིང་སྟོབས་འཕེལ་བ་དང་། མི་རིགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ། འདུ་ཤེས་འཛིན་སྟངས་ཀྱི་དུས་བབ་སྤྱིར་ན་ཡག་པོ་ཡོད་མོད། འོན་ཀྱང་དེ་དང་ཆབས་ཅིག་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཞི་འཇམ་ཞིག་མིན་པར། རྒྱུ་དངུལ་སྐྱབས་བཀུར་རིང་ལུགས་དང་། སྐྱིད་འདོད་རིང་ལུགས། ཐལ་ཆེའི་རང་དོན་རིང་ལུགས། ལོ་རྒྱུས་དོན་སྟོང་རིང་ལུགས་སོགས་ཀྱི་ནོར་འཁྲུལ་གྱི་བསམ་པའི་རླབས་རྒྱུན་ཡང་ཡང་འཕྱུར་བ་དང་། དྲ་རྒྱའི་གླེང་ཕྱོགས་ཀྱི་སྣང་ཚུལ་སྣ་ཚོགས་ཐོན་པ། འགོ་ཁྲིད་ལས་བྱེད་པ་ཁག་གཅིག་གི་ཆབ་སྲིད་ལངས་ཕྱོགས་བརྟན་པོ་མེད་པ་དང་འཐབ་རྩོད་ཀྱི་སྙིང་སྟོབས་ཉམས་པ་བཅས་ལས་མི་རྣམས་ཀྱི་བསམ་བློ་དང་སྤྱི་ཚོགས་ཀྱི་གླེང་ཕྱོགས་ཁོར་ཡུག་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། ཏང་ཀྲུང་དབྱང་གིས་ཏང་གིས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པའི་ལས་དོན་གལ་ཆེན་བཀོད་སྒྲིག་དུས་ཐོག་ཏུ་བྱས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་། སྐུ་ངོ་མས་མཛུབ་ཁྲིད། སྐུ་ངོ་མས་སྐུལ་འདེད་བཅས་གནང་ནས་ཏང་ཡོངས་ཀྱི་སྣེ་ཁྲིད་དེ་འཛུགས་གཏོར་མཉམ་སྤེལ་དང་། ངན་འགོག་གཙང་སྤེལ། གཞི་སྒྱུར་རྩ་སྒྱུར་བཅས་གནང་ནས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཆབ་སྲིད་ཀྱི་འཐབ་རྩོད་གལ་ཆེན་ལས་རྣམ་པར་རྒྱལ་བ་དང་། གཞི་རྩའི་ཐོག་ནས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ནང་ཐོན་པའི་གཞན་དབང་རྣམ་པར་འགྱུར་ལྡོག་བཏང་སྟེ་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གནས་བབ་ལ་སྤྱི་ཡོངས་རང་བཞིན་དང་གཞི་རྩའི་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་སྟེ།
དང་པོ། ཏང་གིས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། དར་ཆ་གསལ་སྟོན་གྱི་སྒོ་ནས་ཏང་གིས་དྲིལ་བསྒྲགས་ལ་དོ་དམ་བྱེད་པ་དང་། ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ་བྱེད་པ། ཏང་གིས་སྨྱན་སྦྱོར་ལ་དོ་དམ་བྱེད་པ་བཅས་མཐའ་འཁྱོངས་བྱས་ནས《ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་བསྒྲགས་ལས་དོན་སྲོལ་ཡིག》བཀྲམ་པ་དང་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་ཡོངས་ཀྱིས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་དམ་འཛིན་བྱེད་པར་སྐུལ་འདེད་གཏོང་བ། རིམ་ཁག་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་འགོ་ཁྲིད་ཀྱི་འགན་འཁྲི་ནན་དུ་ཏན་ཏིག་གཏོང་བ། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱས་པས་ཏང་གི་འགོ་ཁྲིད་ཀྱིས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་དུས་བབ་ལ་སྐབས་ཤིག་རིང་སྣང་ཆུང་ཤོར་བ་དང་། སྣང་མེད་དུ་གཏོང་བ། ཉམས་ཞན་དུ་གཏོང་བ་བཅས་ཀྱི་གནས་ཚུལ་ལ་འགྱུར་ལྡོག་ནུས་ལྡན་བྱུང་ཡོད།
གཉིས་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་ཀྱི་གཞི་རྩའི་ལམ་ལུགས་བཟོ་བ་དང་མཐའ་འཁྱོངས་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མཐུན་སྒྲིལ་བརྟན་ལྷིང་ལ་ཤུགས་རྒྱག་པ་དང་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་རྒྱུ་མཐའ་འཁྱོངས་བྱེད་པ། རྒྱུན་བསྲིང་ལྷོད་མེད་ཀྱི་སྒོ་ནས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པ་དང་། གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་ཤུགས་ཆེན་གཏོང་བ། ཏང་ཡོངས་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོ་འཛུགས་པ་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་90འཁོར་བར་རྟེན་འབྲེལ་ཞུ་བ། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུ་བ། ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་འཐབ་བྱས་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུ་བ་སོགས་ཀྱི་བྱེད་སྒོ་སྤེལ་ཡོད། སྤྱི་ཚོགས་ཡོངས་སུ་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་དར་སྤེལ་བཏང་བས་གཙོ་རྒྱུན་བསམ་བློའི་གཙོ་ཁྲིད་གནས་བབ་ལ་བསླད་སྐྱོན་ཕོག་པར་འགྱུར་ལྡོག་ནུས་ལྡན་ཕྱིན་ཡོད།
གསུམ་པ། དམ་འཛིན་དང་དོ་དམ་བྱེད་ཕོད་པ་དང་འཐབ་རྩོད་བྱེད་ཕོད་པ་དང་། འཁྱོག་བཤད་ལོག་བཤད་དང་བྱ་ངན་སྤྱོད་ངན་གཏན་འགོག་མཐའ་གཅིག་ཏུ་བྱེད་པ། སྐབས་ཤིག་རིང་ཐོན་པའི་དྲང་ཕྱོགས་སྐད་སྒྲར“སྐོར་རྡུང”བྱེད་པའི་སྣང་ཚུལ་གཏན་འགོག་མཐའ་གཅིག་ཏུ་བྱེད་པ། ནོར་འཁྲུལ་གྱི་བསམ་བློའི་རླབས་རྒྱུན་སྣ་ཚོགས་ལ་དབྱེ་ཞིབ་དང་ཁྲིད་སྟོན་བྱེད་པར་མུ་མཐུད་ཤུགས་སྣོན་རྒྱག་པ། རལ་གྲི་འཕྱར་ཕོད་པ་ནི་འགན་འཁྲི་ཁུར་བ་དང་། “རང་ཉིད་ཁོ་ནར་གཅེས་པ”ནི་འགན་འཛོལ་ཡིན་པའི་བསླད་སྐྱོན་མེད་པའི་ཁོར་ཡུག་ཅིག་བཏོད་པ་བཅས་ལས་གཞན་དབང་གིས་ཁ་གཏད་གཅོག་པ་དང་ཕར་རྒོལ་བྱེད་ཤུགས་མི་འདང་བའི་སྣང་ཚུལ་ལ་འགྱུར་ལྡོག་ནུས་ལྡན་བྱུང་ཡོད།
བཞི་པ། གཙོ་འགན་འཁུར་མཁན་དང་གཙོ་གཉེར་དང་གཏོགས་ཁོངས་དོ་དམ་གྱི་རྩ་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་གཡུལ་ས་ཁག་བརྟན་པོ་སྲུང་བ་དང་། ལྷག་པར་དུ་དྲ་བ་དོ་དམ་དང་བཅོས་སྒྲིག་བྱེད་པའི་ཐད་བྱ་སྤྱོད་ཏན་ཏིག་སྤེལ་བ་དང་དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་གང་མགྱོགས་འཛུགས་པ་དང་། དྲ་སྦྲེལ་གྱི་ལག་རྩལ་གསར་པ་དང་བཀོལ་སྤྱོད་གསར་པར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ཆ་འཕྲིན་ངན་པ་དང་དྲ་རྒྱའི་དཀྲོག་གཏམ་སྣ་ཚོགས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས་དྲ་ཐོག་གི་སྣང་ཚུལ་ངན་པ་སྣ་ཚོགས་མ་ཐོན་སྔོན་འགོག་ནུས་ལྡན་ཐུབ་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་གཞི་སྒྱུར་རྩ་སྒྱུར་དང་གཞུང་འཁྱོངས་གསར་འབྱེད་བྱས་པ་བརྒྱུད། ཏང་གི་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་འཕེལ་རྒྱས་གལ་ཆེན་དང་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གཙོ་ཁྲིད་དབང་ཆ་དང་སྐད་ཆ་ཤོད་དབང་ཟམ་མི་ཆད་པར་ཆེ་རུ་སོང་བ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ནང་གི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་དེ་བས་མངོན་གསལ་དོད་དུ་སོང་བ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་བསམ་བློའི་ཐོག་གི་མཐུན་སྒྲིལ་དང་གཅིག་གྱུར་དེ་བས་སྲ་བརྟན་དུ་སོང་བ་བཅས་དང་། དགེ་མཚན་ལྡན་པ་དང་དགེ་བརྩོན་ཡར་ཐོན་གྱི་རྣམ་པར་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད།