59.ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་དེ་བས་དགེ་མཚན་ལྡན་ལ་རང་འགུལ་གྱི་སྒོ་དབྱེའི་འཐབ་ཇུས་ཐད་བྱ་སྤྱོད་གལ་ཆེན་གང་དག་སྤེལ་ཡོད་དམ།
ལན། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རང་རེའི་ཏང་གིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱས་ཤིང་། སྒོ་མོ་ཕྱེ་སྟེ་འཛུགས་སྐྲུན་གྱིས་བཀག་སྡོམ་དང་བཀག་སྡོམ་ཕྱེད་ཙམ་ནས་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་པའི་ལོ་རྒྱུས་རང་བཞིན་ལྡན་པའི་འཕོ་འགྱུར་བྱུང་བས། རང་ཉིད་འཕེལ་རྒྱས་ཕྱིན་པ་མ་ཟད། འཛམ་གླིང་ལའང་ཕན་པ་བསྐྲུན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་སྒོ་མོ་ཕྱེ་ན་ཡར་རྒྱས་ཡོང་བ་དང་བཀག་སྡོམ་བྱས་ན་རྗེས་ལུས་ཐེབས་པའི་ངོས་འཛིན་གཏིང་ཟབ་བྱུང་བ་རེད། དེ་སྔོན་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་བྱུང་བ་ནི་སྒོ་དབྱེའི་ཆ་རྐྱེན་འོག་ཐོབ་པ་ཞིག་ཡིན་ཞིང་། འབྱུང་འགྱུར་གྱི་ཀྲུང་གོའི་དཔལ་འབྱོར་ཡང་ངེས་པར་དུ་སྒོ་མོ་སྔར་བས་རྒྱ་ཆེར་ཕྱེ་བའི་ཆ་རྐྱེན་འོག་འཕེལ་རྒྱས་གཏོང་དགོས། རང་རྒྱལ་གྱི་འཕེལ་རྒྱས་ལ་ལེགས་ཆ་དང་། རང་འགུལ། འབྱུང་འགྱུར་བཅས་ཐོབ་དགོས་ན་ངེས་པར་དུ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་བསྟུན་དགོས་པས། རང་རྒྱལ་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་རའི་ལེགས་ཆར་བརྟེན་ནས་དེ་བས་དགེ་མཚན་ལྡན་ལ་རང་འགུལ་གྱི་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱས་པ་མ་ཟད། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་སྤྱད་དེ་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་བར་མཐོངས་ཆེན་པོ་བཏོད་ཡོད་ལ་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལའང་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།
གཅིག “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། 2013ལོའི་སྟོན་ཁར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ་དང་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུ་མཉམ་སྐྲུན་བྱེད་པའི་གྲོས་འགོ་གལ་ཆེན་བཏོན་ཏེ། ཀྲུང་གོའི་འཕེལ་རྒྱས་དང“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་དང་འཛམ་གླིང་གི་རྒྱལ་ཁབ་གཞན་དག་གི་འཕེལ་རྒྱས་ལྷན་དུ་སྦྲེལ་བ་དང་། ཀྲུང་གོའི་ཕུགས་འདུན་དང་ལམ་རྒྱུད་རྒྱལ་ཁབ་དང་འཛམ་གླིང་གི་རྒྱལ་ཁབ་གཞན་དག་གི་མི་དམངས་ཀྱི་ཕུགས་འདུན་ལྷན་དུ་སྦྲེལ་ཏེ་གནའ་བོའི་དར་གོས་ལམ་བུར་དུས་རབས་ཀྱི་ནང་དོན་གསར་རྐྱང་ཞིག་སྤྲས་པས་ལམ་རྒྱུད་རྒྱལ་ཁབ་དང་འཛམ་གླིང་གི་རྒྱལ་ཁབ་གཞན་དག་གི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད། རང་རྒྱལ་གྱིས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ལམ་རྒྱུད་རྒྱལ་ཁབ་ཁག་དབར་གྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་དང་ལམ་རྒྱུད་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་འབྲེལ་བ་ཡོད་པའི་མཉམ་ལས་རྣམ་གྲངས་འབོར་ཆེན་ཞིག་ལ་སྐུལ་འདེད་བཏང་ནས་ལམ་རྒྱུད་རྒྱལ་ཁབ་ཀྱི་སྲིད་ཇུས་འབྲེལ་མཐུད་དང་། སྒྲིག་བཀོད་འབྲེལ་མཐུད། ཚོང་དོན་ཤར་བགྲོད། མ་དངུལ་རྒྱུན་འཁོར། དམངས་སེམས་གཅིག་མཐུན་བཅས་ཡོང་བར་འབད་བརྩོན་བྱས་པ་མ་ཟད། ཞི་བདེའི་ལམ་བུ་དང་། དར་རྒྱས་ཀྱི་ལམ་བུ། སྒོ་དབྱེའི་ལམ་བུ། ལྗང་མདོག་གི་ལམ་བུ། གསར་གཏོད་ཀྱི་ལམ་བུ། ཤེས་དཔལ་གྱི་ལམ་བུ་བཅས་ནུས་ཤུགས་ཡོད་རྒུས་བསྐྲུན་པ་བརྒྱུད། “རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པ་དེང་སྐབས་ཀྱི་འཛམ་གླིང་ཐོག་དགའ་བསུ་ཆེན་པོ་ཐོབ་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་དང་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་ཤིག་ཏུ་གྱུར་པ་དང་། རང་རྒྱལ་གྱི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་གྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་གསར་པ་ཞིག་ཏུ་འཕེལ་ཡོད།
གཉིས། ཕྱི་ནང་གཉིས་ཀའི་སྒོ་འབྱེད་ཕན་ཚུན་སྐུལ་འདེད་དང་། “ནང་འདྲེན”དང“ཕྱིར་སྐྱོད”སྔར་བས་ཟུང་འབྲེལ་ཡག་པོ་བྱས་པ། དཔལ་འབྱོར་གོ་ལ་ཅན་ལ་ལྡོག་འཕེལ་བྱུང་བ་དང་། འཛམ་གླིང་གི་དཔལ་འབྱོར་བརྟན་པོ་མེད་པ། གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་དུ་ཕྱིན་པ་བཅས་ཀྱི་གནས་ཚུལ་འོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་ཡོངས་ལ“ཀྲུང་གོའི་སྒོ་དབྱེའི་སྒོ་མོ་ནམ་ཡང་མི་རྒྱག་པ་མ་ཟད། སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་ངེས”ཞེས་ཁྱབ་བསྒྲགས་གནང་ཡོད། ཏང་དང་སྲིད་གཞུང་གིས་སྔར་བས་དགེ་མཚན་ལྡན་ལ་རང་འགུལ་གྱི་རྣམ་པའི་ཐོག་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་བ་དང་། ཁྱབ་ཁོངས་སྔར་བས་ཡངས་པ། རྒྱ་སྐྱེད་སྔར་བས་ཟབ་པ་བཅས་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་ནས་གཉིས་ཁེ་གཉིས་ཕན་དང་། སྣེ་མང་དོ་སྙོམས། བདེ་འཇགས་ནུས་ཆེ་བཅས་ཀྱི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་མ་ལག་ཧུར་ཐག་བཙུགས་པས་ཀྲུང་གོའི་དཔལ་འབྱོར་དང་འཛམ་གླིང་དཔལ་འབྱོར་ལ་སྐུལ་འདེད་ཟབ་མོ་ཐེབས་པ་དང་། ཕྱོགས་གཉིས་ཀྱི་མ་དངུལ་འཇོག་ཚད་ཉིན་བཞིན་དོ་སྙོམས། དཔུང་གཤིབ་མཉམ་སྐྱོད་བཅས་བྱུང་ནས་རང་རྒྱལ་གྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་དགེ་མཚན་གསར་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཚོང་དོན་དང་མ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་བཏང་བ་དང་། ཞུགས་མཆན་མ་ཐོབ་གོང་གི་རྒྱལ་དམངས་ཐོབ་ཐང་དང་བཀག་རྒྱའི་གསལ་ཐོ་ཟུང་འབྲེལ་གྱི་ཕྱི་ཕྱོགས་མ་དངུལ་དོ་དམ་བྱེད་སྟངས་སྤྱད་དེ་ཚོད་ལྟའི་སྒོ་ནས་ཕྱི་ཕྱོགས་མ་དངུལ་གྱི་མ་རྐང་དབང་ཆའི་བསྡུར་ཚད་ཀྱི་ཚོད་འཛིན་དམའ་རུ་གཏོང་བའམ་མེད་པར་བཟོས་པ་དང་། གཉེར་སྐྱོང་འོས་ཐོབ་དང་གཉེར་སྐྱོང་ཁྱབ་ཁོངས་ཀྱི་ཚོད་འཛིན་ཁ་ཤས་སམ་ཚང་མ་ལྷུག་ཏུ་བཏང་བ། ཕྱི་དངུལ་ནང་འདྲེན་དང་། ཕྱི་རྒྱལ་དུ་མ་འཇོག ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་སོགས་ཁྱབ་ཁོངས་སུ་སྟབས་བདེའི་བྱ་ཐབས་སྤྱད་དེ་རྒྱལ་ནང་གི་ཁེ་ལས་དང་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ལ་ཕྱོགས་རིས་མེད་པ་དང་འདྲ་མཉམ་འགྲན་རྩོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་རྒྱུན་འཁྱོངས་ཀྱིས་གཉེར་ནས་རང་འགུལ་ངང་འཛམ་གླིང་ལ་ཁྲོམ་རའི་སྒོ་མོ་ཕྱེ་ཞིང་། 2020ལོའི་ལོ་མཇུག་བར་ཀྲུང་གོ་འདི་ཉིད་ལོ་12བསྟུད་མར་འཛམ་གླིང་གི་ནང་འདྲེན་ཁྲོམ་ར་ཆེ་གྲས་གཉིས་པར་གྱུར་ཡོད། གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་རྒྱ་བཙུགས་པ་དང་རང་མོས་ཚོང་དོན་ཚོད་ལྟ་ཁུལ་དང་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་བསྐྲུན་ཏེ་སྒྲིག་སྲོལ་དང་། སྒྲིག་ལམ། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་དབྱེར་སྐུལ་འདེད་བཏང་ཞིང་། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་དཔལ་འབྱོར་ཚོང་དོན་བཅའ་ཁྲིམས་དང་སྒྲིག་སྲོལ་མ་ལག་འཐུས་སྒོ་ཚང་དུ་བཏང་བ་དང་། དེ་བས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བཏོད་ནས་ཕྱི་ཕྱོགས་ཚོང་དོན་གཞི་ཁྱོན་ཆེ་བ་ནས་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་བརྟན་པོ་བཏང་ཡོད། ཕྱོགས་ཡོངས་ནས་སྒོ་མོ་འབྱེད་པར་བརྟེན་ནས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་པས། སྐམ་མཚོ་ཕྱི་ནང་མཉམ་འགུལ་དང་ཤར་ནུབ་ཕྱོགས་གཉིས་ཕན་ཚུན་རོགས་རེས་བྱེད་པའི་སྒོ་དབྱེའི་རྣམ་པ་ཞིག་ཆགས་ཡོད། རྒྱལ་ནང་གི་རྒྱུན་འཁོར་ཆེན་པོ་གཙོ་རྐང་དུ་བྱེད་པ་དང་། རྒྱལ་སྤྱི་རྒྱལ་ནང་གི་རྒྱུན་འཁོར་ཕན་ཚུན་སྐུལ་འདེད་གཏོང་བའི་གོང་འཕེལ་གྱི་རྣམ་པ་གསར་པ་ཞིག་གང་མགྱོགས་གྲུབ་པར་སྐུལ་འདེད་བཏང་སྟེ། རང་རྒྱལ་ཉིད་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་དང་། རྒྱལ་སྤྱིའི་ཚོང་ཟོག་དང་ཐོན་ཁུངས་གཙོ་བོ་འགུགས་པར་བྱེད་པའི་འཐེན་ཤུགས་ར་བ་ཧ་ཅང་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་ཡོད།
གསུམ། དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་རིམ་ལ་རང་འགུལ་ངང་ཞུགས་པ་དང་སྣེ་ཁྲིད་ཧུར་ཐག་བྱས་པ། ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་འཛུགས་རྒྱུའི་གྲོས་འགོ་བཏོན་ཏེ་རྒྱལ་སྤྱིའི་ཕྱོགས་མང་དངུལ་རྩའི་ཁྱབ་ཁོངས་ཁྲོད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐད་ཆ་ཤོད་དབང་ཞན་པའི་གནས་ཚུལ་ལ་འགྱུར་ལྡོག་བཏང་ཡོད། ཏོ་ཧ་གྲོས་མོལ་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་རང་མོས་ཚོང་དོན་ཁུལ་གྱི་གྲོས་མོལ་མགྱོགས་སུ་བཏང་སྟེ་མི་དམངས་ཤོག་སྒོར་དེ་ཉིད“རྒྱལ་སྤྱིའི་དངུལ་ལོར་ལག་གཟེབ”ནང་འཇུག་པ་སོགས་ལ་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ཐད་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་སྒེར་སྡེམ་བྱེད་པའི་རྣམ་པ་ལས་རིམ་གྱིས་བསྒྲལ་ཡོད། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་ལམ་སྲོལ་བཟོ་སྐབས་རང་རྒྱལ་གྱི་སྐད་ཆ་ཤོད་དབང་མུ་མཐུད་ཆེ་རུ་བཏང་སྟེ། འཛམ་གླིང་ལ་ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་དབྱེར་གཞོལ་བཞིན་པ་དང་དཔལ་འབྱོར་ཚོང་དོན་རོགས་ཟླ་དེ་བས་མང་བའི་དབར་གཉིས་ཁེ་གཉིས་ཕན་ཡོང་བར་འབད་པའི་བརྡ་རྟགས་གསལ་པོ་བསྟན་ཞིང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས་ནང་ཧུར་ཐག་ཞུགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་དབར་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ཉི་ཤུ་ཚོགས་པ་དང་། འབོ་གསེར་རྒྱལ་ཁབ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་རྒྱལ་སྤྱིའི་ལས་སྟེགས་སུ་དགེ་མཚན་ལྡན་པའི་སྐད་སྒྲ་བསྒྲགས་ཏེ་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་ཕྱོགས་མང་ཚོང་དོན་སྒྲིག་གཞིའི་དབང་གྲགས་རང་བཞིན་དང་གོ་ཆོད་རང་བཞིན་སྲུང་སྐྱོང་བྱས་པ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་སྔར་བས་སྒོ་དབྱེ་དང་། ཁོང་ཡངས། ཀུན་ཕན། དོ་སྙོམས། གཉིས་ཕན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་བརྒྱུད། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག ཁོང་ཡངས་མཉམ་གནས་ཀྱི་རྒྱལ་སྤྱིའི་མཉམ་ལས་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ནས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་ཐུན་མོང་ཐོག་གཏོད་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་ཕུལ་ཡོད།