1995ལོ། གཅེན་གཅུང་རྡོག་རྩ་གཅིག་སྒྲིལ་གྱིས་མཐའ་མཚམས་འགག་སྒོར་བསྐྱོད།
1995ལོར་བསོད་ནམས་ཆོས་འཕེལ་དང་མི་འགྱུར་བཀྲ་ཤིས་ཀྱིས་འབྲི་གཡག་དེད་དེ་ལ་རྒྱབ་ཤང་ནས་ཐོན་པ་དང་ཆོས་སྒང་ལ་དང་གླིང་དཀར་ལ་བརྒྱབ་ནས་ཉིན་གཉིས་འགྲུལ་བཞུད་བྱས་མཐར་རྒྱལ་ལ་ཕུག་ཏུ་འབྱོར།
རྒྱལ་ལ་ཕུག་ནི་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལ་རྒྱབ་ཤང་གི་མཐའ་མཚམས་སུ་གནས་ཡོད། དེ་གར་ས་བབ་མཐོ་ཚད་སྨི་4300ལྷག་ཙམ་ཟིན་པ་དང་། ཁང་པ་དང་དུད་ཚང་མེད་པས་ཁོང་གཉིས་ཀྱིས་མ་སྐྱ་ཐང་འབྲོག་རར་སྦྲ་གུར་ཕུབ་ནས་བསྡད། ཉིན་ལྟར་རྐང་ཐང་མར་རིར་འབུད་ཤིང་འཐུ་བ་དང་གཙང་འགྲམ་དུ་ཆུ་ལེན་པར་འགྲོ་གི་ཡོད་ལ། སོ་ལྟ་བྱ་ཡུལ་དུ་སྐོར་གཡེང་དང་སྦྲགས་ཕྱུགས་འཚོས་ནས་སྡོད་ཀྱི་ཡོད། དེ་ལྟར་ལོ་ཟླའི་འགྲོས་དང་བསྟུན་ནས་དེ་གར་ལོ་27ཏག་ཏག་བསྡད།
རྒྱལ་ལ་ཕུག་ཏུ་འཚོ་བ་བསྐྱལ་བར་ཁེར་རྐྱང་བཟོད་བསྲན་ཐུབ་དགོས་པ་མ་ཟད། ད་དུང་དྲེད་མོང་དང་གཟིག་གློ་བུར་དུ་ཐོན་སྲིད་པས་ཉེན་ཁ་ཆེན་པོ་ཡོད། ཡིན་ནའང་གཅེན་གཅུང་གཉིས་ཀྱིས་དེ་དག་ལ་ཞེད་སྣང་བྱེད་མྱོང་མེད། དགུན་དུས་སུ་ཁ་བ་ཆེན་པོ་བབས་ནས་ལམ་འགག་པའམ་ཡང་ན་དབྱར་དུས་སུ་ཆར་པ་དྲག་པོ་བབས་པ་གང་ཡིན་རུང་ཁོང་གཉིས་པོས་དུས་གཏན་དུ་རྒྱལ་ལ་ཕུག་ཏུ་ཕྱུགས་འཚོ་ཞོར་དུ་མཐའ་མཚམས་སྐོར་གཡེང་གི་ལས་ལ་གཞོལ་བ་དང་། སྐབས་འགར་རྒྱུན་དུ་འཁྱེར་བའི་བཀྲག་རྩི་དམར་པོས་རྡོ་དང་གསོམ་སྡོང་དུ་སྐར་མའི་དབྱིབས་བྱུག་གི་ཡོད།
ལོ་27རྗེས་བསོད་ནམས་ཆོས་འཕེལ་དང་མི་འགྱུར་བཀྲ་ཤིས་གཅེན་གཅུང་གཉིས་ལོ་ན་བགྲེས་རུང་ཁོང་གཉིས་ཀྱི་ཕྱུགས་འཚོ་སྐོར་གཡེང་གི་གཟུགས་བརྙན་དེ་ནམ་མཁའི་སྐར་ཚོགས་བཞིན་རྒྱལ་ལ་ཕུག་ཏུ་འོད་མདངས་འཕྲོ་བཞིན་མཆིས།
2012ལོ། རྩ་བ་ཚུགས་ན་ཁྱིམ་གཞིས་ཡིན།
རྒྱལ་ལ་ཕུག་ཏུ་གཞིས་ཆགས་རྒྱུ་དེ་ཚེ་རིང་ནོར་བུ་དང་པད་མ་སྒྲོལ་དཀར་བཟའ་ཚོའི་ངོས་ནས་བརྗོད་ན་དོན་ཆེན་ཞིག་རེད། ཡུན་རིང་འཆར་གཞི་བཀོད་པ་དང་བསམ་བློའི་གྲ་སྒྲིག་བྱས་པ་བརྒྱུད་ཁོང་གཉིས་དེ་གར་ཡོང་རྒྱུའི་སེམས་ཐག་བཅད།
2012ལོའི་དབྱར་ཁར་བཟའ་ཚོ་གཉིས་ལ་རྒྱབ་ཤང་ནས་ཐོན་ཏེ་རྒྱལ་ལ་ཕུག་ཏུ་སླེབས།
བསོད་ནམས་ཆོས་འཕེལ་དང་མི་འགྱུར་བཀྲ་ཤིས་གཅེན་གཅུང་གཉིས་ནས་འགོ་ཚུགས་ཏེ་དེ་གར་སྤོ་མཁན་འབྲོག་པ་སྔ་རྗེས་སུ་མང་དུ་ཕྱིན་པ་དང་ཚེ་རིང་ནོར་བུ་དང་པད་མ་སྒྲོལ་དཀར་བཟའ་ཚོ་སླེབས་པས་རྒྱལ་ལ་ཕུག་གི་མི་འབོར་དུད་ཚང་8ཀྱི་མི་16བར་མང་དུ་ཕྱིན་ཡོད།
ལོ་དེ་རང་དུ་ལྗིད་ཚད་རྒྱ་མ་2000ཟིན་པའི་ས་མཚམས་རྡོ་རིང་10རྒྱལ་ལ་ཕུག་གི་རི་སྟེང་དུ་དབོར། སྐབས་དེར་ལ་རྒྱབ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་ཀུན་བཟང་བསྟན་འཛིན་གྱིས་འབྲོག་པ་ཚོའི་སྣེ་ཁྲིད་དེ་མི་བརྒྱད་ཚོགས་ཆུང་གཅིག་བྱས་ནས་ལ་བརྒྱབ་པ་དང་ནགས་ཚལ་བརྒྱུད་དེ་འཁུར་འདྲུད་འདེགས་གསུམ་བྱས་ཏེ་ཐབས་ཤེས་གང་ཡོད་ཀྱིས་ཉིན་བཞི་དཀའ་ལས་བརྒྱབ་པ་བརྒྱུད་རྡོ་རིང་ཚང་མ་ཀྲུང་གོ་དང་འབྲུག་ཡུལ་གྱི་ས་མཚམས་སུ་བཙུགས་ཐུབ་ཡོད།
“ཀྲུང་གོ”ཞེས་པའི་རྒྱ་ཡིག་ཡིག་འབྲུ་དང་སྐར་ལྔའི་རྟགས་མ་དམར་པོ་འཁོད་པའི་ས་མཚམས་རྡོ་རིང་དེ་མཐོང་བ་ལས་རྒྱལ་ལ་ཕུག་གི་མང་ཚོགས་ལ“རྒྱལ་ཁབ”དང“ཁྱིམ་ཚང”གི་སྟོབས་ཤུགས་ཆེན་པོ་ཚོར་ཡོད།
འབྲོག་མོ་ཚེ་རིང་ལྷ་མོས“ང་ཚོའི་ནང་གི་སྐྱེས་པ་གཉིས་རྡོ་རིང་འཛུགས་པར་ཕྱིན་པ་རེད། མཐའ་མཚམས་རྡོ་རིང་དེ་ཡོད་པས་ང་ཚོ་ཕྱུགས་འཚོ་མཐའ་སྲུང་བྱེད་པར་གདེང་ཚོད་དེ་བས་ཆེ་རུ་ཕྱིན་སོང”ཞེས་བཤད།
མི་འབོར་མང་དུ་ཕྱིན་པས་རྒྱལ་ལ་ཕུག་ཏུ་འཁྲུག་ཆ་དོད་དུ་ཕྱིན་ཡོད། ཆུ་དང་། གློག དྲ་བ་བཅས་མེད་ལ་འཚོ་བའི་མཁོ་ཆས་ཚང་མ་ཤང་ནས་དབོར་དགོས་ཀྱི་ཡོད་མོད། འོན་ཀྱང་དུད་ཚང་8ཀྱིས་ཉི་མ་ཤར་དུས་ཕྱུགས་འཚོ་བ་དང་། ཉི་མ་ནུབ་དུས་ཕྱུགས་རར་ངལ་གསོ་བ། དུས་བཀག་ལྟར་སྐོར་གཡེང་བྱེད་པར་འགྲོ་བ་བཅས་ཁ་ཁུ་སིམ་ལ་སྐད་གྲགས་མེད་པར་རི་ཁུལ་དུ་རྩ་བ་བརྟན་པོ་ཚུགས་ཡོད།
2022ལོ། རི་ཁུལ་དུ་རྣམ་པ་གསར་པ་བརྗེས་པ།
2016ལོར་རྒྱལ་ལ་ཕུག་ཏུ་སྲིད་འཛིན་གྲོང་ཚོ་བཙུགས་པ་དང་ལ་རྒྱབ་ཤང་ནས་རྒྱལ་ལ་ཕུག་བར་བྱེ་རྡོ་ལམ་བཏིང་བས་གསང་ཡུལ་ལྟར་གྱི“ཁེར་ཆགས་གླིང་ཕྲན”དེ་ཕྱི་ཕྱོགས་དང་འབྲེལ་བ་བྱེད་འགོ་ཚུགས།
2018ལོར་རྒྱལ་ལ་ཕུག་འབྱོར་འབྲིང་གྲོང་ཚོར་བསྐྲུན་ཟིན་ནས་འབྲོག་པ་ཚོ་རྒྱ་ཆེ་ཞིང་དཀར་ཆ་དོད་པའི་སྡོད་ཁང་གསར་པར་སྤོས་པ་དང་ཕྱུགས་ཟོག་ལའང་དགུན་སྒྲོལ་གྱི་ཚང་ཡོད་པ་རེད། ལོ་དེར་རྒྱལ་ལ་ཕུག་གི་གནས་སྤོས་དུད་ཚང་10ཡི་མི་23ཟིན་ཡོད།
2021ལོའི་ཟླ་11པར་དུད་ཚང་17གྱི་མི་65གནས་སྤོས་བྱས་པར་རྒྱལ་ལ་ཕུག་གྲོང་ཚོའི་ཕྱུགས་འཚོ་མཐའ་སྲུང་ཁྱིམ་ཚང་ཆེན་པོར་དུད་ཚང་27གྱི་མི་88བར་མང་དུ་ཕྱིན་པ་དང་། གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་ཚོང་ཁང་དང་ཇ་ཁང་སོགས་ཚང་མ་ཡོད།
འདི་ལོ་ལ་རྒྱབ་ཤང་ནས་རྒྱལ་ལ་ཕུག་གྲོང་ཚོར་སྐྱོད་པའི་སྣུམ་ནག་ལམ་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་རྒྱུ་དང་མཐའ་མཚམས་གྲོང་ཚོ་དེར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པའང་ཐོབ་རྒྱུ་རེད།
“དེ་སྔ་ལམ་ཡག་པོ་མེད་པ་དང་དགུན་ཁ་སླེབས་མ་ཐག་གངས་ཆེན་པོ་བབས་ནས་ལམ་འགག་གི་ཡོད་སྟབས། ཟླ་9པའི་གོང་ངེས་པར་དུ་ཤང་དུ་བསྐྱོད་དེ་ལོ་གཅིག་གི་འབྲུ་རིགས་དབོར་དགོས་ཀྱི་ཡོད། ད་ཆ་གཟའ་འཁོར་གཅིག་ནང་ཤང་དུ་ཐེངས་ཁ་ཤས་འགྲོ་བ་དང་ལོ་གཅིག་དུས་བཞི་ཚང་མར་སྔོ་ཚལ་དང་། ཤིང་འབྲས། ཤ། སྒོ་ང་། འོ་མ་བཅས་ཚང་མ་ཡོད། གྲོང་ཚོས་ད་དུང་དྲོད་ཁང་ཆེན་པོ་བསྐྲུན་པས་དགུན་ཁ་གངས་ཆེན་པོ་བབས་སྐབས་ཀྱང་སྔོ་ཚལ་བཟའ་རྒྱུ་ཡོད”ཅེས་འབྲོག་པ་ཚེ་རིང་ཟླ་བས་བཤད། ཚེ་རིང་ཟླ་བ་དང་བཀྲ་ཤིས་ལྷ་མོ་2012ལོར་འདིར་སྤོས་པ་དང་ལོ་10ཡི་རིང་ཁོང་ཚོའི་འཚོ་བའི་འགྱུར་ལྡོག་ནི་རྒྱལ་ལ་ཕུག་གི་འཕེལ་རྒྱས་ཀྱི་མཚོན་ཚུལ་ཡག་ཤོས་རེད།
ཀུའོ་ཀྲེན་ལི་ནི་གྲོང་ཚོའི་རྒྱ་རིགས་གནས་སྤོས་དུད་ཚང་འབའ་ཞིག་དེ་རེད། ན་ནིང་ཟླ་11པར་ཁོང་དང་བཟའ་ཟླས་རང་མོས་ངང་ལྷོ་བྲག་རྫོང་སེང་གེ་ཤང་ནས་རྒྱལ་ལ་ཕུག་ཏུ་སྤོས། ལོ་ཕྱེད་ལྷག་ཙམ་སོང་བ་དང་ཐག་རིང་གི་ལུང་པ་དེ་ཁོང་གི་ཁྱིམ་དུ་གྱུར། ཁོང་གིས“དཀའ་སྡུག་ཇི་ཙམ་ཆེའང་དེ་སྔ་ལས་ཡག་པ་ཡོད་པ་དང་ཐག་ཇི་ཙམ་རིང་ཡང་དེ་སྔ་ལས་དཀའ་བ་མེད། དེ་གར་འཚོ་བ་ཡག་པོ་ཡོད་པ་དང་སྡོད་ཁང་ཡག་པོ་ཡོད་པ་མ་ཟད། སྲིད་ཇུས་ཀྱང་ཡག་པོ་ཡོད་པས་ཧ་ཅང་སྐྱིད་པོ་འདུག”ཅེས་བཤད།
མི་འབོར་མང་དུ་འགྲོ་བཞིན་པ་དང་། འགྲིམ་འགྲུལ་འཕེལ་རྒྱས་འགྲོ་བཞིན་པ། གྲོང་གསེབ་ལ་འགྱུར་ལྡོག་འགྲོ་བཞིན་ཡོད། དཀའ་ཚེགས་ཆེ་བའི་ལོ་ཟླ་འདས་ཟིན་མོད། ཡིན་ནའང་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་ཆོད་སེམས་ནམ་ཡང་འགྱུར་མི་སྲིད།
སྐར་ལྔའི་དར་དམར་ཁྱིམ་ཚང་མི་རེ་ངོ་རེའི་ཁང་སྟེང་དུ་ལྷབ་ལྷུབ་ཏུ་གཡོ་བ་དང་མང་ཚོཌ་ཀྱིས་རྡོ་ཆེན་ཐོག་བཀོད་པའི་ཟུར་ལྔའི་སྐར་མ་དམར་པོ་མཐོང་སྐབས། བསོད་ནམས་ཆོས་འཕེལ་གྱིས་བཤད་པའི“རྒྱལ་ལ་ཕུག་ནི་ངའི་ཁྱིམ་ཡིན་པས། ང་འགྲོ་སྐྱོད་བྱེད་མི་ཐུབ་པའི་བར་དེ་ག་སྲུང་གི་ཡིན”ཞེས་པའི་སྐད་ཆ་སླར་ཡང་རྣ་ལམ་དུ་གྲགས།