དབུ་ཤོག>ཆེད་སྒྲིག
  • གཡུ་གཞོང་ཉིང་ཁྲིའི་རྣམ་པ་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-08

    “ཀྲུང་གོའི་ཤིང་སྡོང་མཐོ་ཤོས”ཀྱི་གྲངས་གཞི་ཁྱབ་བསྒྲགས་བྱས་ནས་ཟླ་གཅིག་ཀྱང་མ་སོང་བར“ཀྲུང་གོའི་ཤིང་སྡོང་མཐོ་ཤོས་ཏེ། རྫ་ཡུལ་རྫོང་གི་ཡུན་ནན་གསོམ་ཤིང་གི་མཐོ་ཚད་སྨི་83.2ཟིན་པ”ཞིག་སླར་ཡང་ཁྱབ་བསྒྲགས་བྱས་ཡོད། དེ་གོང་གཏན་འཁེལ་བྱས་པའི“ཀྲུང་གོའི་ཤིང་སྡོང་མཐོ་ཤོས”དེའང་ཉིང་ཁྲི་ནས་རྙེད་པ་རེད།

    2018ལོའི་ཟླ་6པར་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་གཏོད་རྒྱུའི་ལས་དོན་བཀོད་སྒྲིག་བྱས་པ་དང་། 2019ལོའི་ཟླ་11པར་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ནགས་ལས་ཅུས་ལ་རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར་འཛུགས་གཏོད་བྱ་རྒྱུའི་རེ་ཞུ་བྱས་ནས་ཆོག་མཆན་ཐོབ་ཡོད། 2019ལོའི་ཟླ་12པར་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས《ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་འཛུཌ་གཏོད་བྱེད་པའི་སྤྱིའི་འཆར་འགོད(2019ལོ་ནས་2028ལོ་བར)》ལ་མཆན་འགོད་ལག་བསྟར་བྱས་པ་རེད། ལོ་གཉིས་ལྷག་ཙམ་རིང་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་དང་རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་མཛུབ་ཁྲིད་འོག ཉིང་ཁྲི་གྲོང་ཁྱེར་གྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་བྱས་ནས་དམངས་ཡོངས་མཉམ་གཏོད་མཉམ་སྐྲུན་ནང་ཞུགས་ཏེ་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་གཏོད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་དཔྱད་ཞིབ་དམིགས་ཚད་ཁག་36ཚང་མ་ཚད་ལོན་པ་རེད།

    མི་ཚང་མ་སྐྱེ་ཁམས་སྲུང་སྐྱོང་བ་ཡིན།

    ཉིང་ཁྲི་གྲོང་ཁྱེར་ནི་ཀྲུང་གོའི་ནགས་ཁུལ་ཆེ་གྲས་གསུམ་པ་ཡིན་པ་དང་བོད་ཀྱི་ནགས་ཚལ་80%དེར་འདུས་ཡོད། ཉིང་ཁྲིའི་ནགས་ཚལ་ནི་སྔར་བཞིན་གདོད་མའི་རྣམ་པར་གནས་ལ། བོད་ཀྱི་གནའ་བོའི་ཤུག་པ་དང་རྩི་ཤིང་གི་འགྱུར་རྡོ་གསོན་པོ་ལྟ་བུ་ཡིན་པའི“བུར་ཤིང”དང་དེ་བཞིན་སྟག་མ་མེ་ཏོག་སྣ་ཁ་བརྒྱ་ལྷག་ཙམ་འཛོམས་ཡོད་པ་རེད། དེ་དང་ཆབས་ཅིག་ཉིང་ཁྲི་གྲོང་ཁྱེར་དུ་ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་ཆེ་མོའི་བྱང་རྒྱུད་ཀྱི་ཚ་ཁུལ་ནགས་ཚལ་ཡོད་པས་རྒྱལ་སྤྱིའི་དོན་སྙིང་ལྡན་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ས་ཁུལ་གལ་ཆེན་ཞིག་ཡིན། དེ་གར་ནགས་ཚལ་ཐོན་ཁུངས་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས“རང་བྱུང་རྟེན་རྫས་བཤམས་མཛོད་ཁང”དང“རང་བྱུང་ལྗང་མདོག་གཞི་རྒྱུའི་མཛོད”ཀྱི་མཚན་སྙན་ལྡན་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱིས་སྔར་ནས་ད་བར་དུ་ནགས་ཚལ་ཐོན་ཁུངས་ལ་དོ་དམ་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། གྲོང་ཁྱེར་ཡོངས་ཀྱི་མང་ཚོགས་ཁྲི་12ལྷག་ཙམ་གྱིས་སྐྱེ་ཁམས་བདག་སྐྱོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། མི་ཚང་མ་སྐྱེ་ཁམས་སྲུང་སྐྱོང་བ་ཡིན་པས་ནགས་ཚལ་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་ཡོད། ནགས་ཚལ་གྱི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་ཐད། “སྔོན་འགོག་གཙོ་བོར་བྱས་པ་དང་། གནོད་འཚེ་མེད་པར་བཟོ་བའི”ནགས་ཚལ་གྱི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། མི་རྒྱུ་རྩལ་གསུམ་ལ་བརྟེན་པའི་འགོག་ཟོན་བྱ་ཐབས་གཙོ་བོར་བྱས་ཏེ་ནགས་ཚལ་གྱི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་ཧུར་ཐག་བྱས་པས་ནགས་ལས་ཀྱི་གནོད་ཡོད་སྐྱེ་དངོས་ཀྱི་གནོད་ཚད་0.27‰དང་སྤྱི་གནོད་མེད་པའི་འགོག་བཅོས་བྱེད་ཚད་96.11%ཟིན་ཡོད།

    སྐྱེ་ཁམས་ཁོར་ཡུག་སྔར་ལས་ལེགས།

    གྲོང་མི་ཚོས་སྒེའུ་ཁུང་ནས་ལྗང་མདོག་ནགས་ཚལ་མཐོང་ཐུབ་པ་དང་། ཕྱིར་བསྐྱོད་ན་མཛེས་ལྗོངས་ལ་རོལ་ཐུབ་པ། ས་ཕྱོགས་ཀུན་ཏུ་དྲི་ཞིམ་འཐུལ་བ་བཅས་དང་། ཉིང་ཁྲིའི་གནམ་གཤིས་དེ་བས་ལེགས་པ་དང་། ཆུ་མོ་དེ་བས་དྭངས་བ། མཁའ་རླུང་དེ་བས་གཙང་བ་བཅས་ཡོང་བ་བྱས་ཏེ་མི་དམངས་མང་ཚོགས་ལ་སྐྱིད་སྣང་དང་ཐོབ་སྣང་དེ་བས་ཆེ་བ་ཡོང་བར་བྱེད་པ་ནི་ཉིང་ཁྲི་གྲོང་ཁྱེར་གྱིས་ནགས་ཚལ་གྲོང་ཁྱེར་འཛུགས་གཏོད་བྱེད་པའི་དམིགས་ཡུལ་རེད།

    ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་འགོག་སྲུང་ནགས་ཚལ་དང་། རླུང་འགོག་བྱེ་འཇགས་ནགས་ཚལ། སྐྱེ་ཁམས་ནགས་ཚལ། དཔལ་འབྱོར་ནགས་ཤིང་བཅས་ཀྱི་ནགས་བཟོའི་འདུ་འགོད་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་མི་ཐབས་ནགས་བཟོའི་རྒྱ་ཁྱོན་སྤྱི་ཆིང་4743.93མང་དུ་བཏང་བ་དང་། སྤྱི་ཕན་ནགས་ཚལ་ལ་བདག་སྐྱོང་གི་རྒྱ་ཁྱོན་སྤྱི་ཆིང་446857.87ལེགས་སྒྲུབ་བྱས་ཤིང་། ནགས་ཚལ་སྐྱེད་སྲིང་རྒྱ་ཁྱོན་སྤྱི་ཆིང་20179.98ཟིན་པ་དང་། དེ་སྔའི་ནགས་བཟོའི་ཁུལ་དུ་སྔོ་ལྗང་སྤྱི་ཆིང་55.97མང་དུ་བཏང་བ་རེད།

    རི་སྔོན་ཆུ་དྭངས“གསེར་དངུལ་རི་ལ”གྱུར།

    ལྗང་མདོག་ནི་གྲོང་གསེབ་ཀྱི་རང་མདངས་ཡིན་ལ། དར་རྒྱས་གོང་འཕེལ་གཏོང་བའི་རྨང་གཞི་དེ་བས་ཡིན།

    ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་བྱེ་པ་གྲོང་ཚོར་ཁྱོན་དུད་ཚང་173ཡོད་པ་དང་དེའི་ནང་དུད་ཚང་41གིས་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་བྱེད་ཀྱི་ཡོད། གྲོང་མི་མང་པོ་ཞིག་གིས་གྲོང་ཚོའི་ནང་གི་མགྲོན་ཁང་དང་ཟ་ཁང་དུ་ལས་ཀ་བྱེད་ཀྱི་ཡོད། ན་ནིང་གྲོང་ཚོ་དེ་ཡོངས་ཀྱི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.5ལྷག་ཙམ་ཟིན་པས་སྐྱེ་ཁམས་ཡུལ་སྐོར་ལ་བརྟེན་ནས་ཕྱུག་པོ་ཆགས་པའི་གྲོང་ཚོ་ཞིག་ཡིན་པ་རེད།

    རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་གཏོད་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་5.03བཏང་སྟེ་ཁྱད་ལྡན་དཔལ་འབྱོར་ནགས་ཤིང་དང་ཤིང་འབྲས་སྤྱི་ཆིང་1678.96འདེབས་འཛུགས་བྱས་པ་དང་། ནགས་ཁྲོད་ཤ་མོ་འདེབས་འཛུགས་རྣམ་གྲངས་22དང་ནགས་ཁྲོད་སྨན་རྒྱུ་འཛུགས་སྐྲུན་རྣམ་གྲངས་4ལག་བསྟར་བྱས་ཡོད།

    ད་ཆའི་ཉིང་ཁྲིར་དཔྱིད་དུས་སུ་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་པ་དང་། དབྱར་དུས་སུ་རི་ཆུ་དྭངས་ཤིང་མཛེས་པ། སྟོན་དུས་སུ་ཤིང་འབྲས་ཀྱི་དྲི་ཞིམ་གང་སར་འཐུལ་བ། དགུན་དུས་སུ་མཐའ་བཞི་གངས་རིས་བརྒྱན་པ་བཅས་ཡོད་ལ། སྐྱེ་ཁམས་ཤེས་དཔལ་གྱི་རང་མདངས་སྔར་བས་མཛེས་པས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ལེའུ་ཞིག་མི་རྣམས་ཀྱི་སྤྱན་ལམ་དུ་བསྟན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།