འདི་ནི་གུ་གེ་རྒྱལ་རབས་གནའ་ཤུལ་གྱི་འགྲམ་དུ་གནས་པའི་རྩ་ཧྲེང་ཚོགས་ཆུང་ཡིན་པ།
གུ་གེ་རྒྱལ་རབས་གནའ་ཤུལ་གྱི་འདབས་སུ་ཆགས་པའི་མཐོ་ལྡིང་གྲོང་རྡལ་མཐོ་ལྡིང་གྲོང་ལྷན་རྩ་ཧྲེང་ཚོགས་ཆུང་གིས་ཐུན་མོང་མ་ཡིན་པའི་རང་བྱུང་དང་། མི་ཆོས་རིག་གནས། མཛེས་ལྗོངས་བཅས་ལ་བརྟེན་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཞག་སྡོད་དང་བཟའ་བཏུང་སོགས་འབྲེལ་ཡོད་ཐོན་ལས་ཀྱི་འཁོར་འབྲེལ་སྣུར་སྲིང་བྱས་ནས་རྫོང་ཁོངས་ཡུལ་སྐོར་གྱི་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་གང་ལེགས་འཕེལ་བར་བྱས་ཏེ་ཡུལ་སྐོར་དམངས་ཕྱུག་དང་གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་རྐྱང་ཞིག་བརྩམས་ཡོད།
ཁྱིམ་ཚང་ཚང་མར་ཡུལ་སྐོར་གྱི་ཡོང་འབབ་ལེན་རྒྱུ་བྱུང་བ།
རྩ་ཧྲེང་དུ་སྐྱོད་སྐབས། གཙང་ལ་ཁོད་སྙོམས་པའི་ཨར་འདམ་ལམ་གྱི་གཞོགས་གཉིས་ཀྱི་སྦྱར་པ་དག་རླུང་བུའི་འགྲོས་དང་བསྟུན་ནས་དལ་བུར་གཡོ་བ་ནི་ཐག་རིང་ནས་ཡོང་བའི་མགྲོན་པོ་ཚང་མར་བསུ་བ་ཞུ་མཁན་ཞིག་དང་གཉིས་སུ་མ་མཆིས་ཤིང་། བོད་བཟོའི་ཐོག་ཁང་དཀར་པོ་ཆུང་ཆུང་དག་དེའི་ཁྲོད་དུ་ཁྲ་རྒྱན་བཏབ་པའི་ཚུལ་དུ་གནས། ད་ཆ་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱིས་རོགས་སྐྲུན་བྱས་པའི་ཡུལ་སྐོར་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་དེའི་སྔོན་མའི་ཉམས་ཆག་གི་རྣམ་པར་རྦད་དེ་འགྱུར་ལྡོག་བྱུང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཅིག་ཏུ་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དང་སྦྲགས་རྩ་ཧྲེང་གི་མང་ཚོགས་ཚོས་གཅིག་མཇུག་གཉིས་མཐུད་ངང་ཁྱིམ་ཚང་མགྲོན་ཁང་གཉེར་ཞིང་། ཚེ་རིང་རྡོ་རྗེའི་ཁྱིམ་ནི་ཁྱིམ་ཚང་མགྲོན་ཁང་གཉེར་ནས་ཕྱུག་པོའི་ལམ་དུ་བསྐྱོད་མཁན་གྱི་སྣེ་ཁྲིད་པའི་གྲས་ཤིག་རེད།
ཚེ་རིང་རྡོ་རྗེས། དེ་སྔོན་ངའི་ཁྱིམ་གྱི་མགྲོན་ཁང་ལ་ཁང་མིག་གཉིས་དང་ཉལ་ཁྲི་12ལས་མེད། གློག་དང་ཆུ་ཤར་གཏོང་མི་ཐུབ་པ་དང་ལུས་བཀྲུ་ཁང་སོགས་ཀྱང་ཆ་ཚང་པོ་མེད་པས་འགྲུལ་པས་རྟག་ཏུ་དེའི་ཐད་འཁང་ར་བྱེད་པ་དང་འུ་ཐུག་ན་མ་གཏོགས་ཞག་སྡོད་བྱེད་ཀྱི་མེད་པས་ལོ་གཅིག་ལས་ཀ་བྱས་ཀྱང་ཡོང་འབབ་དེ་ཙམ་མེད་ཅེས་ངོ་སྤྲོད་བྱས།
“ཧོ་པེ་ཞིང་ཆེན་གྱི་རོགས་སྐྲུན་འོག་ང་ཚོ་སྨི་ངོས་གྲུ་200ཟིན་པའི་ཁང་པ་གསར་པར་སྤོས་པས། ཆུ་དང་གློག་ཤར་གཏོང་ཐུབ་པ་དང་། གསང་སྤྱོད་དང་ལུས་བཀྲུ་ཁང་སོགས་ཀྱང་ལོགས་སུ་དབྱེ་ཡོད”“ང་ཚོའི་ཁྱིམ་དུ་ད་ཆ་ཁང་མིག་3དང་ཉལ་ཁྲི་21ཡོད་པ་དང་ཉལ་ཁྲི་རེ་ནས་ཉིན་ལྟར་སྒོར་80རག་གི་ཡོད། ན་ནིང་ཁྱིམ་ཚང་མགྲོན་ཁང་གི་ཡོང་འབབ་དང་རྒྱལ་ཁབ་ཀྱི་ཁ་གསབ་སྣ་ཚོགས་བསྡོམས་ན་སྒོར་ཁྲི་13ལྷག་ཙམ་བྱུང་ནས་འཚོ་བའི་སྤུས་ཚད་ཀྱང་ཧ་ཅང་ལེགས་སུ་ཕྱིན་སོང”ཞེས་ཚེ་རིང་རྡོ་རྗེས་བརྗོད།
2017ལོར་ཚེ་རིང་རྡོ་རྗེའི་མགྲོན་ཁང་གིས་ཡུལ་སྐོར་བ་360ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་ལོར་ཡོང་འབབ་སྒོར་ཁྲི་2.1བྱུང་སྟེ་བོད་རང་སྐྱོང་ལྗོངས་ཡུལ་སྐོར་གྱི་སྐར་མ་རིམ་པའི་གསོལ་མགྲོན་ཁང་དཔྱད་འདེམས་ཨུ་ལྷན་ནས་དངུལ་གྱི་སྐར་མ་རིམ་པའི་ཁྱིམ་ཚང་མགྲོན་ཁང་ལ་བདམས་ཡོད།
ཚེ་རིང་རྡོ་རྗེའི་ཁྱིམ་ཚང་མགྲོན་ཁང་ནི་རྩ་ཧྲེང་ཚོགས་ཆུང་གིས་ཡུལ་སྐོར་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བའི་བསྡུས་རིས་ཤིག་རེད། མིག་སྔར་གྲོང་ཚོ་ཡོངས་ཀྱི་དུད་ཚང་38ཁྲོད་ནས་དུད་ཚང་32ཀྱིས་ཁྱིམ་ཚང་མགྲོན་ཁང་གཉེར་བ་དང་། ཉལ་ཁྲི་700ལྷག་ཙམ་ཡོད་པ། ཆ་སྙོམས་བྱས་ན་དུད་ཚང་རེར་ཁྱིམ་ཚང་མགྲོན་ཁང་ནས་ལོའི་ཡོང་འབབ་སྒོར་ཁྲི་3.6ཡོང་གི་ཡོད་པས། མང་ཚོགས་ཚོས་སྒོ་རྩ་ནས་ཡུལ་སྐོར་ཡོང་འབབ་དངོས་སུ་གསོག་ཐུབ་ཡོད།
གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་གསར་པ།
ཉིན་དགུང་གི་མཚམས་སུ་ཉི་འོད་རབ་ཏུ་འཚེར་ཞིང་བསིལ་རླུང་དལ་གྱིས་ལྡང་། གུ་གེ་རྒྱལ་རབས་གནའ་ཤུལ་མཛེས་ལྗོངས་ས་ཚིགས་ཀྱི་སྒོ་འཛིན་འཚོང་སར་ཡུལ་སྐོར་བ་ཧ་ཅང་མང་།
མཛེས་ལྗོངས་ས་ཚིགས་ཀྱི་འཛུལ་སྒོའི་འགྲམ་དུ་གཟིགས་འཁོར་གྱི་ཁ་ལོ་བ་ཡར་འཕེལ་གྱིས་ཉི་མ་ཚ་པོར་མ་འཛེམས་པར་གཟིགས་འཁོར་ནང་ཡུལ་སྐོར་བ་སྒུག་བཞིན་འདུག འདི་ནི་ཁོང་གིས་དེ་རིང་ཡུལ་སྐོར་བ་དབོར་ཐེངས་15པ་དེ་རེད། ཁོང་གིས་རྔུལ་ཆུ་འཕྱིས་བཞིན་དུ་འཛུལ་དམུལ་དམུལ་ངང་ཡུལ་སྐོར་བ་ཚོར་ལག་འཇུ་ཡག་པོ་འཇུས་ཏེ་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་ཡང་ཡང་བྱས།
ཡར་འཕེལ་གྱིས་ད་ཐེངས་ཀྱི་ཡུལ་སྐོར་བ་དབོར་རྗེས་རི་གཤམ་དུ་ཡུལ་སྐོར་བ་གསར་པ་སྒུག་སྐབས་གསར་འགོད་པ་དང་ཁ་བརྡ་གློད་ཅིང་། ཁོང་གིས“ད་ལྟ་ཡུལ་སྐོར་བ་མང་དུས་ཡིན་པས། གུ་གེ་རྒྱལ་རབས་གནའ་ཤུལ་དུ་ཡུལ་སྐོར་ལ་ཡོང་མཁན་ཧ་ཅང་མང་པོ་འདུག བྲེལ་བ་ཚ་ཤོས་སྐབས་སུ་ཡར་མར་ཐེངས་མ་60ལྷག་བྱེད་དགོས་ཀྱི་འདུག ང་ལ་ཟླ་རེར་གླ་ཆ་སྒོར་9000ཡོད། ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པས་ཧ་ཅང་སྐྱིད་པོ་འདུག”ཅེས་བརྗོད་བྱུང་།
ཉེ་བའི་ལོ་ཤས་རིང་། རྩ་ཧྲེང་གིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གོ་སྐབས་དམ་འཛིན་བྱས་ནས་ཡུལ་སྐོར་རྟེན་གཞི་གཏོད་པའི་ལས་དོན་ཤུགས་ཆེན་སྤེལ་ཞིང་། “རིག་གནས་དང་། ཡུལ་སྐོར། གྲོང་གསེབ་དར་རྒྱས”བཅས་ཟུང་འབྲེལ་གྱི་འཕེལ་རྒྱས་གཏོང་སྟངས་ལག་ལེན་བསྟར་བ་བརྒྱུད་གུ་གེ་རྒྱལ་རབས་གནའ་ཤུལ་གྱི་གཟིགས་འཁོར་གྱི་ཡུལ་སྐོར་རྣམ་གྲངས་གསར་གཏོད་བྱས་ནས་འཕེལ་རྒྱས་བཏང་སྟེ་གྲོང་མིའི་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་བཞིན་ཡོད།
བུད་མེད་ཇ་ཁང་ནང་གི་དགོད་སྒྲ
གུ་གེ་རྒྱལ་རབས་གནའ་ཤུལ་མཛེས་ལྗོངས་ས་ཚིགས་ཀྱི་འཛུལ་སྒོའི་འགྲམ་དུ་ཡོད་པའི་རྩ་ཧྲེང་བུད་མེད་མཉམ་འབྲེལ་ཇ་ཁང་ནང་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་མང་པོ་འཛོམས་ཏེ་ཚང་མས་སྤྲོ་སྣང་དང་བཅས་ཡུལ་སྐོར་བྱེད་རིང་གི་དགོད་བྲོ་བའི་བྱ་བ་གླེང་བཞིན་ཡོད་ཀྱང་། གསར་འགོད་པའི་འདྲེན་བྱེད་ལམ་དུ་ལས་ལ་བྲེལ་བཞིན་པའི་དྲུང་ཤ་དོད་པའི་བུད་མེད་ཅིག་མངོན་གསལ་ཤིན་ཏུ་དོད། ཁོང་ནི་དེ་རིང་ཇ་ཁང་དུ་ལས་རེས་འཁེལ་བའི་སྒྲོལ་མ་སྐྱིད་རེད།
“བུད་མེད་ཇ་ཁང་དུ་ལས་ཀ་བྱས་ནས་ན་ནིང་ང་ལ་གླ་ཆ་སྒོར་5400རག་བྱུང་ལ་ཁྱིམ་ཚང་མགྲོན་ཁང་གི་ཡོང་འབབ་དང་། ཇ་ཁང་གི་བགོ་འགྲེམས། དེ་བཞིན་རྒྱལ་ཁབ་ཀྱི་ཁ་གསབ་སྣ་ཚོགས་བཅས་ཁྱོན་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་བྱུང་། ངས་ད་དུང་གྲོང་ཚོས་སྒྲིག་འཛུགས་བྱས་པའི་མ་བྱན་ལག་རྩལ་གྱི་གསོ་སྦྱོང་ལ་ཞུགས་པས་མ་བྱན་གྱི་ལག་རྩལ་ཡང་ལེགས་སུ་ཕྱིན་སོང”ཞེས་སྒྲོལ་མ་སྐྱིད་ཀྱིས་འཛུམ་དམུལ་དམུལ་ངང་གསར་འགོད་པར་བཤད་བྱུང་།
2021ལོའི་ཟླ་3པར། རྩ་ཧྲེང་གི་བུད་མེད་ཚོས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ནུས་ལྡན་བྱེད་པ་དང་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་སྔར་བས་ལེགས་སུ་གཏོང་ཆེད། གྲོང་ཚོའི་བུད་མེད་མཉམ་སྡེབ་ཆེད་ལས་མཉམ་ལས་ཁང་གིས་ཁྱོན་མ་རྩ་སྒོར་ཁྲི་6བཏང་སྟེ་རྩ་ཧྲེང་བུད་མེད་མཉམ་འབྲེལ་ཇ་ཁང་བཙུགས་པར་བུད་མེད་ལས་མི་24ཡོད་པ་རེད། ན་ནིང་ལོ་མཇུག་ཏུ་རྩ་ཧྲེང་བུད་མེད་ཇ་ཁང་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོང་ཚོ་ཡོངས་ཀྱི་བུད་མེད་32ལ་སྒོར་ཁྲི་16བགོ་འགྲེམས་བྱས་ཡོད།
སྒྲོལ་མ་སྐྱིད་དང་འདྲ་བར་ཡུལ་སྐོར་ལ་བརྟེན་ནས་ཕྱུག་འགྱུར་བྱུང་བའི་མང་ཚོགས་རྩྭ་མདའ་རྫོང་གིས་ཕྱོགས་གང་སར་མཐོང་རྒྱུ་ཡོད། རྩྭ་མདའ་རྫོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཕུར་བུས་གསར་འགོད་པར་ཉེ་བའི་ལོ་ཤས་རིང་རྩྭ་མདའ་རྫོང་གིས་གུ་གེ་རྒྱལ་རབས་གནའ་ཤུལ་དང་རྩྭ་མདའི་བྲུ་རོང་རྒྱལ་ཁབ་ས་གཤིས་སྤྱི་གླིང་སོགས་ཐོན་ཁུངས་ཀྱི་དམིགས་བསལ་ལེགས་ཆར་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག“ཡུལ་སྐོར་ལ་བརྟེན་ནས་རྫོང་དར་རྒྱས་གཏོང་བ་དང་སྒོ་དབྱེ་དམངས་ཕྱུག”གི་འཕེལ་རྒྱས་འཐབ་ཇུས་ལ་སྐུལ་འདེད་ཧུར་ཐག་བཏང་བས་ཡུལ་སྐོར་ལས་རིགས་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། ན་ནིང་རྩྭ་མདའ་རྫོང་དུ་ཡུལ་སྐོར་ལ་ཡོང་མཁན་མི་ཐེངས་ཁྲི་22.09ཟིན་པ་དང་། ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་3གྱི་འགག་སྒོ་ཆེན་པོ་ལས་བརྒལ་ནས་སྒོར་དུང་ཕྱུར་3.09ཟིན་ཏེ་བཟའ་བཏུང་དང་། ཁྱིམ་ཚང་མགྲོན་ཁང་། ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་སོགས་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ནས་རྩྭ་མདའི་ཡུལ་སྐོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཤར་ཡོད།