ལས་ཞུགས་ནི་དམངས་འཚོ་དང་དམངས་སེམས་ཀྱི་འདུ་འགོད་ཆེ་ཤོས་རེད། ལོ་མང་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་དེ་དམངས་འཚོའི་འདུ་འགོད་དང་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ལ་བརྩིས་ནས་ལས་དོན་དེ་སེམས་ནང་འཇོག་པ་དང་། འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ། ལས་དོན་ལ་དམ་འཛིན་བཅས་བྱས་ཏེ་འགོ་འཛུགས་ས་མཐོ་པོའི་ངང་ཇུས་འགོད་དང་ཚད་གཞི་མཐོ་པོས་སྐུལ་འདེད་བཏང་བས། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།
“དེ་སྔ་ང་ཚོ་བོད་ཀྱི་སློབ་མ་མང་པོ་ཞིག་སློབ་གྲྭ་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་གཞུང་ལས་པའི་ཡིག་རྒྱུགས་གཏོང་བའམ་ཡང་ན་ས་གནས་དེ་གའི་ཁེ་ལས་སུ་ལས་ཀ་བྱེད་ཀྱི་ཡོད། འོན་ཀྱང་ལྗོངས་ནང་ཁུལ་གྱི་གཞུང་ལས་པའི་ལས་གནས་ཁེངས་ནས་གཞུང་ལས་པའི་ཡིག་རྒྱུགས་གཏོང་ཁག་ཏུ་ཕྱིན་ཡོད”2017ལོར་ཅང་སུའུ་སློབ་ཆེན་ནས་ཐོན་པའི་བདེ་ཆེན་མཚོ་མོ་ཡང་སློབ་ཐོན་སློབ་མ་གཞན་དང་འདྲ་བར་སློབ་གྲྭ་ཐོན་རྗེས་ལས་ཞུགས་ཀྱི་གདམ་ག་བྱེད་དགོས་བྱུང་ཡོད།
ལས་ཞུགས་ཀྱི་དུས་བབ་གསལ་པོ་ཤེས་རྗེས། བདེ་ཆེན་མཚོ་མོས་ཤེས་རྟོགས་རགས་ཙམ་བྱས་པ་བརྒྱུད་ལྗོངས་ཕྱིར་ལས་ཞུགས་བྱེད་པ་ནི་གདམ་ག་ཡག་པོ་ཞིག་ཡིན་པ་ཚོར།
མིང་ཐོ་འགོད་པ་དང་། ཡིག་རྒྱུགས་གཏོང་བ། ངོ་རྒྱུགས་བཏང་བ་བརྒྱུད་བདེ་ཆེན་མཚོ་མོ་ཅང་སུའུ་ཞིང་ཆེན་གྱིས་སྒྲིག་འཛུགས་བྱས་པའི་ཁ་གཏད་རོགས་སྐྱོར་གྱི་གདན་ཞུའི་ཡིག་རྒྱུགས་འཕྲོད་ནས་མཐར་ཅང་སུའུ་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་སུ་བདེ་བླག་ངང་ལས་ཀར་ཚུད། ཁོང་གིས“ལྗོངས་ཕྱིར་ལས་ཞུགས་བྱེད་མཁན་སློབ་གྲྭ་ཆེ་མོ་བར་དམིགས་ཏེ་རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་ད་དུང་ཁྱིམ་གཞིས་འཛུགས་པའི་ཁ་གསབ་དང་། འཚོ་བའི་ཁ་གསབ། སྡོད་ཁང་གི་ཁ་གསབ། དེ་བཞིན་གཉེན་འཕྲད་ཀྱི་ལམ་གྲོན་ཁ་གསབ་སོགས་བཏོན་ནས་ང་དང་འདྲ་བར་ས་ཆ་གཞན་དུ་འཚོ་བ་སྐྱེལ་མཁན་ལ་དྲོ་སྐྱིད་སྦྱིན་བྱུང”ཞེས་བཤད།
2022ལོར། ལྷ་ས་གྲོང་ཁྱེར་ཅང་སུའུ་བོད་སྐྱོར་ལས་དོན་འབྲེལ་གཏུག་ཞབས་ཞུ་ལྟེ་གནས(ཅང་སུའུ་འབྲེལ་གཏུག་ལྟེ་གནས་ཞེས་བསྡུ་རྒྱུ)བཙུགས་པ་དང་། ཅང་སུའུ་ཞིང་ཆེན་དུ་ལས་ཞུགས་ཀྱི་དཔེ་སྟོན་ཁེ་ལས་དང་ལས་ཞུགས་དངོས་སྦྱོང་རྟེན་གཞི་ཁག་གཅིག་བཙུགས་ཏེ་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཅང་སུའུ་རུ་ལས་ཞུགས་བྱ་རྒྱུ་སྒྲིག་འཛུགས་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་7ཚེས་20ཉིན་བར། ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཐོན་སློབ་མ་198ཅང་སུའུ་རུ་ལས་ཞུགས་ཐུབ་ཡོད།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ནས་ཡིན་པའི་ལིའུ་ཙི་ཧེང་2020ལོའི་ཟླ་10པར་ཅང་སུའུ་རུ་ལས་ཞུགས་བྱེད་པའི་བོད་སྐྱོར་འཆར་གཞིའི་ནང་ཞུགས་ནས་ནན་ཅིང་དུ་ལས་ཀ་བྱེད་པའི་གོ་སྐབས་བྱུང་བ་དང་། མིག་སྔར་ཧྭ་ཐའེ་འཛིན་ལོར་མ་རྐང་ཚད་ཡོད་ཀུང་སིར་ལས་ཀ་བྱེད་བཞིན་ཡོད།
“ལས་ཀ་བྱེད་རིང་ལས་རོགས་ཚོས་ང་ལ་རོགས་པ་མང་པོ་བྱས་བྱུང་། ལས་སྒོའི་ཐོག་དཀའ་ངལ་འཕྲད་སྐབས་ཁོང་ཚོས་ངང་རྒྱུད་རིང་པོས་གསལ་འགྲེལ་བྱེད་པ་མ་ཟད། ད་དུང་རྟག་ཏུ་ང་ལ་ནན་ཅིང་དུ་འཚོ་བ་སྐྱེལ་རྒྱུར་གོམས་མིན་སྐད་ཆ་འདྲི་ཡི་འདུག ལས་རོགས་ཚོས་ཐུགས་ཁུར་བྱས་པ་ལས་ནན་ཅིང་དུ་དགའ་ཉེ་སྤུན་མཆེད་མེད་ཀྱང་ཁེར་རྐྱང་ཡིན་པའི་སྣང་བ་མི་འདུག”ཅེས་ལིའུ་ཙི་ཧེང་གིས་བཤད།
ལིའུ་ཙི་ཧེང་གིས་ད་དུང“དེ་གར་ཡོང་ནས་ས་གནས་དེ་གའི་ལས་རོགས་ཚོའི་རོགས་རམ་ཐོབ་པ་ཕུད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྱང་དུས་དང་རྣམ་པ་ཀུན་ཏུ་ང་ཚོར་དོ་ཁུར་བྱེད་པ་དང་། ཅང་སུའུ་འབྲེལ་གཏུག་ལྟེ་གནས་ཀྱིས་རྟག་ཏུ་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ང་ཚོའི་ལས་ཞུགས་དང་འཚོ་བ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། ལྗོངས་ཕྱིར་ལས་ཞུགས་བྱེད་པའི་ཁ་གསབ་སྲིད་ཇུས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་ལས་ང་ཚོའི་འཚོ་བའི་གནོན་ཤུགས་ཆུང་དུ་ཕྱིན་པ་མ་ཟད་བློའང་བདེ་པོ་འདུག”ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ཅང་སུའུ་འབྲེལ་གཏུག་ལྟེ་གནས་ཀྱིས་དུས་བཀག་ལྟར་ཅང་སུའུ་རུ་ལས་ཞུགས་བྱེད་པའི་ཐེམ་ཁུངས་བོད་ནས་ཡིན་པ་དང་བོད་ཀྱི་སློབ་གྲྭ་ཆེ་མོ་བར་ས་གནས་ས་ཐོག་ཏུ་སྐོར་སྐྱོད་འཚམས་འདྲི་བྱས་ཏེ། བློ་འདྲི་དང་དོགས་གནད་སྣ་ཚོགས་བསལ་བས་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བརྟན་པོ་བྱེད་པའི་ཡིད་ཆེས་ཆེ་རུ་ཕྱིན་ཡོད།
2019ལོའི་ཟླ་4པར་ལྷ་ས་ནས་ནན་ཅིང་དུ་ཡོང་བ་དང་ད་ལྟ་ཅང་སུའུ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་དྲིལ་བསྒྲགས་སློབ་གསོ་ལྟེ་གནས་སུ་ལས་ཀ་བྱེད་བཞིན་པའི་ཀེང་ཅེས་ལས་ཀར་ཞུགས་པའི་ལོ་དང་པོར“བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས”ཀྱི་སྐད་འཕྲིན་སྤྱི་རྟགས་བརྒྱུད། ལྗོངས་ཕྱིར་ལས་ཞུགས་བྱེད་པའི་ཁ་གསབ་སྒོར་7500རེ་ཞུ་ཐུབ་པ་དེ་ཀེང་ཅེའི་ངོས་ནས་བརྗོད་ན་ཁ་གསབ་ཙམ་མ་ཟད། དེ་བས་ཀྱང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་སློབ་མར་བཅངས་པའི་ཐུགས་ཁུར་ཟབ་མོ་ཞིག་རེད།
ཀེང་ཅེས“རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ང་ཚོ་བརྗེད་མེད་པ་དང་། ཅང་སུའུ་རུ་དོན་གཅོད་ལས་ཁུངས་བཙུགས་ནས་ང་ཚོར་ལས་ཀ་དང་འཚོ་བའི་ཁྲོད་ཀྱི་དཀའ་ངལ་ཐག་གཅོད་གནང་བྱུང་། ང་ཚོས་ལས་སླ་པོར་བྱུང་བ་མིན་པའི་ལས་ཀའི་གོ་སྐབས་ལ་གཅེས་སྤྲས་ལྡབ་བརྒྱ་བྱས་ཏེ་ཅང་སུའུ་རུ་བོད་ཀྱི་རིག་གནས་བརྒྱུད་བསྒྲགས་པ་དང་མི་རིགས་ཁག་དབར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཀྱི་སྐུལ་འདེད་པ་བྱེད་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡིན”ཞེས་བཤད།
གངས་ལྗོངས་ས་མཐོ་ནས་དེ་བས་རྒྱ་ཆེ་བའི་གནམ་སའི་བར་དང་། ལས་ཞུགས་བཟང་པོ་ནས་ལས་ཞུགས་ཡག་པོ་ཐུབ་པའི་བར་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་མི་ཚེའི་གོ་སྐབས་དེ་བས་མང་བ་འཕྲད་ཡོད་ལ། མི་དེ་བས་མང་བ་བོད་ལྗོངས་ཤེས་རྟོགས་བྱེད་པའི་སྐར་ཁུང་དུའང་འགྱུར་ཡོད།