《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ལག་ལེན་བསྟར་ནས་ལོ་གཅིག་འཁོར་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་སྤེལ་རེས་གཏམ་བཤད། (གནད་བསྡུས)
ནག་ཆུའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་བ།
ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། ཚེ་རིང་གནམ་མགོན།
《སྲོལ་ཡིག》ལག་བསྟར་བྱས་ཚུན། ནག་ཆུ་གྲོང་ཁྱེར་གྱིས《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། 《ནག་ཆུ་གྲོང་ཁྱེར་གྱིས〈རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག〉ལག་བསྟར་བྱེད་པའི་ལག་བསྟར་ཇུས་གཞི》བཟོས་ནས། ལག་བསྟར་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད།
ནག་ཆུ་གྲོང་ཁྱེར་གྱི་རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་ཤིང་། རིམ་ཁག་ཏང་རྩ་འཛུགས་ཀྱིས《སྲོལ་ཡིག》སློབ་སྦྱོང་བྱེད་རྒྱུ་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་འཆར་གཞིའི་ནང་བཅུག་ནས་དྲ་ཐོག་སློབ་སྦྱོང་དང་། གཅིག་སྡུད་སློབ་སྦྱོང་། རང་སྦྱོང་སོགས་ཀྱི་བྱེད་ཐབས་སྤྱད་དེ《སྲོལ་ཡིག》གི་གལ་ཆེའི་དོན་སྙིང་དང་དགོངས་དོན་གྱི་ངོ་བོར་ཤེས་རྟོགས་དང་ངོས་འཛིན་གང་ལེགས་བྱས་ཡོད། “3·22”འཛམ་གླིང་ཆུའི་ཉིན་མོ་དང་། ཀྲུང་གོའི་ཆུའི་གཟའ་འཁོར། “6·5”འཛམ་གླིང་ཁོར་ཡུག་ཉིན་མོ། སྐྱེ་ཁམས་ཤེས་དཔལ་དྲིལ་བསྒྲགས་ཟླ་བ་སོགས་དང་ཟུང་འབྲེལ་བྱས་ནས་བོད་རྒྱ་སྐད་རིགས་གཉིས་ཀྱི《སྲོལ་ཡིག》དང་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་ལག་དེབ་སྤྲད་པ་བརྒྱུད། མང་ཚོགས་ཀྱིས《སྲོལ་ཡིག》ཤེས་རྟོགས་ཐུབ་པའི་ཁྱབ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་། ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བ། སྐྱེ་ཁམས་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་མི་སེམས་སུ་གཏིང་ཟབ་ཟུག་ཐུབ་པ་བྱས་ཡོད། ནག་ཆུའི་མཉམ་འདྲེས་སྨྱན་སྦྱོར་དང་། སྐད་འཕྲིན་སྤྱི་རྟགས། ཁྱུག་དབྱིངས་སོགས་སྨྱན་སྦྱོར་གསར་པས《སྲོལ་ཡིག》གི་དྲིལ་བསྒྲགས་ལས་དོན་ཧུར་ཐག་སྤེལ་བ་དང་། མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་སྲིད་ཇུས་དང་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཞུགས་པའི་མང་ཚོགས་ཀྱི་སྤྲོ་སེམས་འཕེལ་བར་བྱས་ཡོད། གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཞིང་འབྲོག་པའི་སྒྲོག་འགྲེལ་པ། “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི། ཆུ་དང(མཚོ)དཔོན་སོགས་ཚོགས་སྤྱི་སྐུལ་སློང་བྱས་ནས་གཞི་རིམ་གྱི་མང་ཚོགས་དང་དེ་བས་འབྲེལ་གཏུག་བྱས་ཏེ་མང་ཚོགས་ལ《སྲོལ་ཡིག》དྲིལ་བསྒྲགས་བྱས་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་རིམ་རྩིས་བྱས་ན《སྲོལ་ཡིག》ཁྲི་2.6ལྷག་ཙམ་སྤྲད་པ་དང་། འཆད་ཁྲིད་དང་གསོ་སྦྱོང་ཐེངས་69བྱས་པ། ཆེད་དོན་དྲིལ་བསྒྲགས་བྱེད་སྒོ་ཐེངས་19སྤེལ་བ། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་དྲིལ་བསྒྲགས་སློབ་གསོ་ཐེངས་4519སྤེལ་བ་བཅས་བྱས་པས་མང་ཚོགས་མི་ཐེངས་ཁྲི་8ལྷག་ཙམ་ལ་ཕན་པ་ཐོབ་ཡོད།
ནག་ཆུ་གྲོང་ཁྱེར་གྱིས“ནུས་རྒྱུ་གཙང་མའི་རྟེན་གཞི་དང་ས་མཐོའི་དངོས་རིགས་སྲུང་སྐྱོབ་མཛོད་བསྐྲུན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་འཐབ་ཇུས་ཁུལ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ། སྐྱེ་ཁམས་དམངས་ཕྱུག་སྔོན་སྐྱོད་ཁུལ་བཅས་ཧུར་ཐག་བསྐྲུན་པའི”ཞིབ་ཕྲའི་ལས་ཀའི་བླང་བྱ་ཁ་གསལ་བཏོན་ཡོད། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ཀྱི་འདུན་ཞུའི་ལས་དོན་སྤེལ་ནས《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་བསྐྲུན་པའི་དཔེ་སྟོན་ཁུལ་འཛུགས་གཏོད་དང་མཛེས་སྡུག་ལྡན་པའི་ནག་ཆུ་སྐྲུན་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ནག་ཆུ་གྲོང་ཁྱེར་གྱི་ལག་བསྟར་ཇུས་གཞི》བཀྲམ་པ་དང་། 《ནག་ཆུ་གྲོང་ཁྱེར་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་འཆར་འགོད(2020ལོ་ནས་2030ལོ་བར)》བཟོས་པ་རེད། རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཤང་དང་གྲོང་ཚོ་འཛུགས་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་2021ལོར་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་ལ་རྫོང་1དང་། ཤང་དང་གྲོང་རྡལ་25 གྲོང་ཚོ་གྲོང་ལྷན་647བཅས་འདུན་ཞུ་བྱས་མཐར་རྫོང་1དང་། ཤང་2 གྲོང་ཚོ་48བཅས་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་ཡོད།
ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས《སྲོལ་ཡིག》དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་དམིགས་ནས། རང་འགུལ་ངང་ལྟ་སྐུལ་བྱས་ཏེ་སྲོལ་ཡིག་ནག་ཆུར་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པ་དང་། དུས་རབས་གསར་པས་མི་དམངས་འཐུས་ཚོགས་ལ་དཀྲིས་པའི་བླང་བྱ་གསར་པར་རྩེ་གཅིག་ཏུ་དམིགས་ནས། ལོ་གཉིས་བསྟུད་མར་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་གི་དྲིལ་བསྒྲགས་དང་ལག་བསྟར་བྱས་ཚུལ་དེ་ལྟ་སྐུལ་ལས་དོན་གྱི་འཆར་གཞིའི་ནང་བཅུག་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་དམིགས་པ། གྲོང་ཁྱེར་སྲིད་གཞུང་གི་ཆེད་དོན་ལས་ཀའི་སྙན་ཞུ་ཉན་པ། ཆེད་དོན་བརྟག་ཞིབ་བྱས་པ། གོང་རིམ་མི་དམངས་འཐུས་ཚོགས་ལ་གཞོགས་འདེགས་བྱས་ནས་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད་ཀྱི་བྱེད་སྒོ་སྤེལ་བ། མངོན་གསལ་དོད་པའི་གནད་དོན་དག་ཐེར་ཡོ་བསྲང་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། 《སྲོལ་ཡིག》ལག་བསྟར་བྱས་ཚུན། ཆེད་དོན་སྙན་ཞུ་ཐེངས་3ཉན་པ་དང་། ཆེད་དོན་བརྟག་ཞིབ་ཐེངས་7བྱས་པ། ཁྲིམས་འཛིན་ཞིབ་བཤེར་ཐེངས་7བྱས་པ། ཆེད་དོན་འདྲི་རྩད་ཐེངས་2བཅས་བྱས་ཡོད། སྐྱེ་ཁམས་སྲུང་སྐྱོང་སྐོར་གྱི་འཐུས་མིའི་བསམ་འཆར་དང་གྲོས་འགོ་ཁག་10སྒྲུབ་གཉེར་བྱས་པ་དང་། མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཐེབས་པའི་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་ཚང་མར་འདི་བྱས་འདི་མིན་གྱི་ལན་གསལ་པོ་ཡོད་པ་བྱས་ཡོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས“དྲིལ་བསྒྲགས་པ”དང“ལྟ་སྐུལ་པའི”ནུས་པ་གང་ལེགས་འདོན་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ཏེ། མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཧུར་ཐག་བཏང་བ་དང་ཐབས་ཇུས་ཁག་ནུས་ལྡན་ངང་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཡོད། གཞི་རིམ་གྱི་འཐུས་མི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་སྒྲིག་འཛུགས་བྱས་པའི་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་བྱེད་སྒོ་ཁག་ལ་ཐེངས་15ཞུགས་རྒྱུའི་གདན་ཞུ་བྱས་པ་དང་། འཐུས་མིའི་གཟིགས་ཞིབ་བྱེད་སྒོ་ཐེངས་2སྤེལ་བ། ཁོར་ཡུག་སྲུང་སྐྱོང་གི་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་ནས་ནག་ཆུ་གྲོང་ཁྱེར་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད།