《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ལག་ལེན་བསྟར་ནས་ལོ་གཅིག་འཁོར་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་སྤེལ་རེས་གཏམ་བཤད། (གནད་བསྡུས)
ལྗང་མདོག་དང་། འཁོར་རྒྱུག ཐཱན་ཉུང་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།
རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན། བསོད་ནམས་ཉི་མ།
《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》བཀྲམ་ནས་ལག་བསྟར་བྱས་ཚུན། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་འཆར་འགོད་སྣེ་ཁྲིད་དུ་བྱེད་པ་དང་རྣམ་གྲངས་དམ་འཛིན་བྱ་གཞིར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་བཏང་བ། ལྗང་མདོག་དང་། འཁོར་རྒྱུག ཐཱན་ཉུང་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། 《སྲོལ་ཡིག》གི་དོན་ཚན་ཁག་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་སྟེ།
གཅིག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྲིད་ཇུས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ཞིང་། སྣེ་ཁྲིད་དེ《གངས་འཁྱགས་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལས་ཀའི་ཇུས་གཞི》བཟོས་ཡོད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ལྗང་མདོག་འཕེལ་རྒྱས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ། ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་སོགས་ཀྱི་ཆེད་དོན་འཆར་འགོད་སྒྲིག་བཟོ་བྱས་པ་དང་། 《བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད》ལ་བཟོ་བཅོས་བརྒྱབ་པ། རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལག་བསྟར་ཇུས་གཞི་དང་། ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་ལག་བསྟར་ཇུས་གཞི། དྭངས་གཙང་ཐོན་སྐྱེད་ཀྱི་ལག་བསྟར་ཇུས་གཞི། འགྱིག་ཤོག་སྦགས་བཙོག་བཅོས་སྒྲིག་གི་བྱ་སྤྱོད་ཇུས་གཞི་བཅས་ཞིབ་འཇུག་བྱས་ནས་བཟོས་པ་རེད།
གཉིས་ནས“ཐཱན་ཚད་གཉིས”ཀྱི་སྲིད་ཇུས་ཞིབ་འཇུག་བྱས་ནས་བཟོས་ཤིང་། རྒྱལ་ཁབ་ཀྱི་འཐབ་ཇུས་གོ་སྐབས་སྟངས་འཛིན་ཡང་དག་བྱེད་པ་དང་། རང་ལྗོངས་ཀྱི་སྐྱེ་ཁམས་རིན་ཐང་གི་མི་མངོན་པའི་སྟོབས་ཤུགས་དང་རྗེས་ཐོན་གྱི་ས་ཁོངས་ལེགས་ཆར་གཞི་ཚུགས་པ། རང་ལྗོངས་ཀྱི་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་མ་ལག་གི་ལས་དོན་ཏན་ཏིག་སྒྲུབ་པ། སྣེ་ཁྲིད་ནས་རང་སྐྱོང་ལྗོངས་ཀྱི་ཐཱན་ཚད་མཐོ་ཤོས་ཀྱི་བྱ་སྤྱོད་ལག་བསྟར་ཇུས་གཞི་དང་དེ་བཞིན་ལས་དོན་སྐུལ་སྤེལ་ཇུས་གཞིའི་འཆར་ཟིན་འགོད་པ། ཆེད་ལས་སྒྲིག་གཞི་སྒྲིག་འཛུགས་བྱས་ནས་རང་སྐྱོང་ལྗོངས་ཀྱི་ནུས་རྒྱུ་ཟད་གྲོན་དང་། དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་སྤྱི་འབོར་གྱི་འཕེལ་ཕྱོགས་དབྱེ་ཞིབ། སྲ་གཟུགས་ཐཱན་ནུས་པའི་གདིང་གཞི་དཔྱད་དཔོག་དང་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ཐབས་ལམ་གྱི་འཕེལ་ཕྱོགས་དབྱེ་ཞིབ། ཐཱན་འདུས་དཔལ་འབྱོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཞིབ་འཇུག་བཅས་ཀྱི་འཆར་ཟིན་བཀོད་པ་རེད།
གསུམ་ནས་ཐོན་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་གི་མཛུབ་ཁྲིད་དཀར་ཆག་ལག་བསྟར་ནན་པོ་བྱས་ནས“མཐོ་གཉིས”རྣམ་གྲངས་ལ་ཞིབ་མཆན་མི་འགོད་པ་དང་ནང་འདྲེན་མི་བྱེད་པ་མཐའ་འཁྱོངས་ཀྱིས་འབྲི་ཕུ་ལ་ཟངས་མང་བའི་ལྕགས་རིགས་གཏེར་ཁའི་དུས་ཐེངས་གཉིས་པའི་བསྐྱར་སྐྲུན་རྒྱས་སྐྲུན་སོགས་ལྗང་མདོག་གཏེར་ལས་རྣམ་གྲངས་ལ་གཟབ་ནན་ངང་སྐུལ་འདེད་བཏང་ཡོད། ནུས་རྒྱུ་གཙང་མ་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། རྒྱ་ཚ་ཆུ་ཤུགས་གློག་ཁང་གི་ལས་མཇུག་སྒྲིལ་བ་དང་ལས་གྲྭ་རྩིས་ལེན་གྱི་ལས་དོན་མུ་མཐུད་སྤེལ་བ་དང་། ཡེར་པ་ཐང་དང་། འབའ་ཐང་། ལྷ་བ། དགྲ་ལྷ། ལྷ་ཁང་། འཇོ་མདའ་བཅས་ཀྱི་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ། འབའ་ཡུལ་དང་རོང་མེ་སོགས་ཆུ་ཤུགས་གློག་ཁང་གི་དུས་འགོའི་ལས་དོན་ལ་སྐུལ་འདེད་མགྱོགས་པོ་བཏང་བ་རེད།
བཞི་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཤིང་། རིམ་རྩིས་བྱས་ན་ཀྲུང་དབྱང་གི་སྔོན་རྩིས་ནས་མ་དངུལ་སྒོར་དུང་ཕྱུར་10.89དོན་འཁྱོལ་བྱས་ཏེ། རང་བྱུང་ནགས་ཚལ་མུའུ་ཁྲི་135སྲུང་སྐྱོང་དང་ཞན་འགྱུར་རྩྭ་ཐང་མུའུ་ཁྲི་544སླར་གསོ་བྱས་པ་དང་། མ་ཕམ་གཡུ་མཚོ་དང་འབྲུག་ལ་གཙང་པོ་སོགས་ཀྱི་འདམ་ར་སྲུང་སྐྱོང་དང་སླར་གསོའི་རྣམ་གྲངས་ལག་ལེན་བསྟར་ཡོད། ཀྲུང་དབྱང་གི་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར་2དོན་འཁྱོལ་བྱས་ཏེ། རྫོང་རིམ་པའི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་6དང་། རྫོང་རིམ་པའི་གད་སྙིགས་གཙང་སེལ་སྒྲིག་བཀོད་1 ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་སྙིགས་རོ་གཙང་སེལ་ལྟེ་གནས་རྣམ་གྲངས་བཅས་འཛུགས་སྐྲུན་བྱས་ཡོད། ཀྲུང་དབྱང་གི་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར་1.2དོན་འཁྱོལ་བྱས་ནས་རང་སྐྱོང་ལྗོངས་ཀྱི་རྫོང་6གི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱས་པ་རེད།
ལྔ་ནས་ལྗོངས་ཡོངས་ཀྱི་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་ལས་དོན་གཙོ་གནད་དུ་བཟུང་ནས་ཡག་པོ་བསྒྲུབས་ཤིང་། གཏན་འཇགས་རྒྱུ་ནོར་ལ་མ་རྩ་གཏོང་བའི་རྣམ་གྲངས་ཀྱི་ནུས་རྒྱུ་བསྲི་ཚགས་ལ་དཔྱད་དཔོག་དང་ཞིབ་བཤེར་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། ཁོར་ཡུག་སྦགས་བཙོག་དང་སྐྱེ་ཁམས་ལ་གཏོར་སྐྱོན་ཚབས་ཆེན་བཟོ་ངེས་པའི་རྣམ་གྲངས་ལ་ཞིབ་བཤེར་ནན་པོ་བྱས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གཞོགས་འདེགས་བྱས་ནས་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”ནུས་རྒྱུ་ཟད་གྲོན་གྱི“ཚོད་འཛིན་གཉིས”ཀྱི་དཔྱད་ཞིབ་ལེགས་སྒྲུབ་བྱས་པ་དང་། སྣེ་ཁྲིད་ནས་ས་གནས(གྲོང་ཁྱེར)བདུན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”ནུས་རྒྱུ་ཟད་གྲོན་གྱི“ཚོད་འཛིན་གཉིས”ཀྱི་དཔྱད་ཞིབ་ལེགས་སྒྲུབ་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རྒྱལ་ཁབ་ཀྱིས་རང་ལྗོངས་ཀྱི་ནུས་རྒྱུ་ཟད་གྲོན་གྱི“ཚོད་འཛིན་གཉིས”ཀྱི་དཔྱད་ཞིབ་ལ་མུ་མཐུད་རེ་བ་ནན་པོ་མི་འདོན་པའི་སྲིད་ཇུས་བརྩོན་ལེན་ཧུར་ཐག་བྱས་ཏེ། ཕྱིས་འབྱུང་རང་ལྗོངས་ཀྱི་ཐོན་ལས་འཕེལ་རྒྱས་དང་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་ནུས་རྒྱུ་ཟད་གྲོན་གྱི་སྲིད་ཇུས་ཀྱི་བར་མཐོངས་ཤིག་བཞག་པ་རེད། འགྲིམ་འགྲུལ་དང་། བཟོ་ལས། ཨར་སྐྲུན། ཞིང་འབྲོག་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་། ནུས་རྒྱུ་བསྲི་ཚགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་ཧུར་ཐག་སྤེལ་ནས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་སོགས་སྡེ་ཚན་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ཏེ། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ལ་གསོ་སྦྱོང་སློབ་ཁྲིད་བྱས་ནས། ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཡོད།
གོམ་སྟབས་རྗེས་མར། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་བཅའ་ཁྲིམས་ཀྱི་ལྟ་སྐུལ་འོག《སྲོལ་ཡིག》གི་འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། འཆར་འགོད་ཀྱི་སྣེ་ཁྲིད་དང་སྲིད་ཇུས་ཀྱི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རྣམ་གྲངས་ལ་མ་འཇོག་བྱེད་ཤུཌ་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུཌ་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་རྣམ་པ་བཟང་པོ་ཞིག་གཏོད་ཀྱི་ཡིན།